R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧ན
[A:༡༧ན]འགྲེལ་ཆེན་འགྲེལ་པ་དོན་གསལ། མངོན་རྟོགས་རྒྱན་རྩ་འགྲེལ་ཟེར་བ་རྣམས་ལ་ཀླུ་བྱང་གིས་མཛད་ཟེར་བ་ཡོད་ཀྱང་། དེ་དག་ནི་པཎྜི་ཏ་ཕྲ་ལ་རིང་བྱ་བ་ཞིག་གིས་གྲོང་འཇུག་བྱས་ནས་ཟོམ་རོང་ཆོས་བཟང་དུ་སྐྱེ་བ་བླངས་པ་དེས་བསྟན་བཅོས་མང་དུ་བརྩམས་ཤིང་གཞན་ལ་ཁ་འཕང་བྱས་པ་དུ་མ་ཡོད་པར་བཤད་པས་དེ་འདྲ་ཞིག་གམ། དེ་མིན་ན་གཞན་ཡང་དེའི་རྗེས་སུ་རོང་ཕྱོགས་སུ་གཞན་ལ་ཁ་འཕང་བྱས་ནས་བསྟན་བཅོས་རྩོམ་མཁན་མང་དུ་བྱུང་བས་དེ་འདྲའི་ནང་ཚན་གྱི་བོད་མ་ཞིག་ཡིན་གྱི། ཀླུ་བྱང་གིས་མཛད་པ་ནི་མིན་པར་མཁས་པ་དག་གིས་བཤད་དོ། །གོང་གི་ཀླུ་བྱང་གིས་མཛད་པའི་བཞི་པོ་དེའི་ནང་ནས་རིམ་ལྔ་ཁོང་བསྡུད་སློབ་དཔོན་གྱིས་མཛད་པ་ཡིན་མིན་ཐེ་ཚོམ་ཅན་ཡིན་ཞེས་གུང་རུས་བཤད་ལ། འགའ་ཞིག་གིས་གཞུང་དེ་ཐེ་ཚོམ་ཅན་ཡིན་ཏེ། རིམ་པ་རེ་རེའི་ནང་དུ་ཡང་རིམ་པ་ལྔ་ལྔ་བྱས་པའི་ཕྱིར་གསུངས་པར་གྲགས་མོད། སྒྲུབ་བྱེད་དེས་རྣམ་དག་མིན་པར་མི་འགྲུབ་སྟེ། དེ་ལྟར་ན་ཕར་ཕྱིན་རེ་རེའི་ནང་དུ་ཡང་ཕར་ཕྱིན་དྲུག་རེ་ཚང་བར་བཤད་པ་ཡང་སྐྱོན་དུ་འགྱུར་ལ། དེ་འདོད་ན་ཐེག་པ་ཆེན་པོའི་ལུགས་ལ་ཆོས་གཅིག་གི་ནང་དུ་ཉམས་ལེན་གྱི་ཆོས་དུ་མ་འདུས་པར་བཤད་པ་ཡང་མི་འཐད་པར་ཁས་ལེན་དགོས་བྱུང་བས། དེ་འདྲའི་ཤེས་བྱེད་ཀྱིས་ཐེ་ཚོམ་ཅན་དུ་མི་འགྲུབ་ཀྱིས། གཞན་དཔྱོད་ལྡན་ལ་སྐྱེ་རིགས་པའི་དོགས་པ་ཡོད་ན་འགོད་རིགས་ཤིང་བློ་གྲོས་དང་ལྡན་པ་དག་གི་དོགས་པ་ཡིན་ངེས་རྣམས་ལུང་རིགས་དང་མཐུན་པར་དཔྱད་འོས་པ་ཡང་ཡིན་ནོ། །ཡང་སློབ་དཔོན་སྒྲ་གཅན་