R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]དང་ཚུལ་བཞི་སོགས་རྒྱན་བདུན་གྱི་བཤད་པའི་སྒོ་ནས་རྒྱུད་ཀྱི་དོན་གཏན་ལ་ཕབ་དོན་ཡིན་པས་རྒྱུད་ལ་བརྟེན་པ་ཤེས་པའི་ཆེད་དུ། རྩ་རྒྱུད་ལེའུ་བཅུ་བདུན་པའི་འགྲེལ་པ་སྒྲོན་མ་གསལ་བ་མཛད། འགྲེལ་ཆེན་འདི་ནས་འཕགས་པ་ཡབ་སྲས་ཀྱི་གཞུང་སྔ་མ་དག་ལས་མི་གསལ་བའི་སྒྲུབ་དཀྱིལ་གྱི་སྐབས་སུ་ཉེ་བར་མཁོ་བ་མང་པོ་ཞིག་ཀྱང་སྟོན་པ་ཡིན་ནོ། །གཞན་ཡང་སློབ་དཔོན་འདིས་མཛད་པར་གྲགས་པའི་རྡོ་རྗེ་སེམས་དཔའི་སྒྲུབཐབས་ཞིག་ཡོད་པ་འདིའི་མཛད་བྱང་ལ་ཙཎྜ་ཀཱིརྟིས་བྱས་ཟེར་བ་ཡོད་པ་ལ་འཁྲུལ་ནས། ཟླ་གྲགས་ཀྱིས་མཛད་པར་འདོད་པ་ནི། དེ་ཉིད་ཀྱི་བརྗོད་བྱའི་དོན་ལ་མ་བརྟགས་པར་སྨྲས་པ་སྟེ། གཞུང་དེ་ཉིད་ན་ལྕགས་ཆུ་མེ་རླུང་གི་ར་བའི་སྲུང་འཁོར་བསྒོམ་པའི་ལུང་སྦྱོར་མདོ་བསྲེ་དང་མི་མཐུན་པ་མང་དུ་ཡོད་པ་དང་། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཅེས་པའི་རྣམ་སྣང་སྒྱུ་དྲའི་ལུང་དེ་བདེ་མཆོག་གི་ལུང་དུ་བྱས་པ་སོགས་ནོར་བ་ཡང་འགའ་རེ་ཡོད་པར་བཤད་པས་སོ། །ཡང་རྗེ་བཙུན་རེད་མདའ་བའི་གསུང་ལས། གཞུང་འདི་མདོ་བྱས་ཚིག་ལྷུག་ཏུ་བཏང་བ་ལྟ་བུ་ཞིག་འདུག་པས། འཕགས་པ་ཀླུ་སྒྲུབ་ཀྱིས་མདོ་བྱས་ཚིགས་བཅད་དུ་རྩོམ་གྲུབ་པའི་རྗེས་སུ། དཔལ་ལྡན་ཟླ་བས་དེ་ལྷུག་པར་བྱས་པ་ལྟ་བུའི་གཞུང་མི་རྩོམ་པས། བོད་ལྡོམ་གཅིག་གིས་བརྩམས་པ་ཡིན་ཞེས་འབྱུང་ཡང་། གཞུང་འདི་རྒྱ་གཞུང་ཡིན་པ་ལ་རྩོད་པ་མེད་དེ། འདིའི་རྒྱ་དཔེ་ཡང་ཡོད་པར་བཤད་ཅིང་། ལྷག་པར་ལ་ལི་ཏ་བཛྲ་དང་། ཏ་ཐཱ་ག་