R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨བ
[A:༡༨བ]ཏ་རཀྵི་ཏས་མཛད་པའི་རྒྱ་འགྲེལ་ཁུངས་མ་ཡང་གཉིས་ཙམ་ཞིག་སྣང་བས་སོ། །དེས་ན་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་རྣམ་ཐར་དེ་ཉིད་ཀྱི་དངོས་སློབ་ལྷོ་པ་ཀུན་མཁྱེན་གྱིས་མཛད་པའི་གསན་ཡིག་གི་སྐབས་སུ་ཆོས་རྗེའི་གསུང་རྒྱུན་བཞིན་འབྲི་བར་མཛད་པ་ལས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་ཞེས་འབྱུང་བས། ཟླ་གྲགས་གཉིས་པ་སྟེ་པཎྜི་ཏ་གཞན་ཞིག་གིས་མཛད་པ་ཡིན་ལ། དེ་ཡང་ཚད་མའི་འགྲེལ་པ་མཛད་མཁན་གྱི་རྒྱན་མཁན་པོ་བྱ་བ་དེ་ཡིན་པར་ངོར་པའི་ཟིན་བྲིས་འགའ་ཞིག་ལས་བཤད་དོ། །དེ་ལྟ་བུའི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་མདོར་བྱས་ལ་འཕགས་ཡུལ་གྱི་འགྲེལ་པའི་རྣམ་གྲངས་ལ། ཨ་བྷ་ཡཱ་ཀ་རའི་རིམ་ལྔ་དང་སྦྲེལ་བའི་འགྲེལ་པ། བྷ་བྱ་ཀིརྟིའི་འགྲེལ་པ། ཐུབ་པ་དཔལ་གྱི་འགྲེལ་པ། བརྩོན་འགྲུས་བཟང་པོ་སྟེ་བཙུན་མོ་ཅན་གྱི་འགྲེལ་པ། བི་བྷུ་ཏ་ཙཎྜའི་འགྲེལ་པ། ནག་པོ་དམ་ཚིག་རྡོ་རྗེའི་མདོ་བསྲེ་དང་གཉིས་ཀ་ལ་འགྲེལ་པ། སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པ། ཁ་ཆེ་ལེགས་སྨྲའི་འགྲེལ་པ་དང་བརྒྱད་ཡོད་ཅིང་། གཞན་ཡང་འཕགས་སྐོར་ལ་ནག་པོ་དམ་ཚིག་རྡོ་རྗེའི་འདུས་པའི་གཏོར་མ་རྒྱུད་དང་མཐུན་པ་ཞིག རྡོ་རྗེ་སེམས་དཔའི་མཆོད་ཆོག ཡང་མངོན་ཤེས་ཅན་གྱི་མཆོད་ཆོག རབ་འཇིགས་རྡོ་རྗེའི་སྦྱིན་སྲེག སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པའི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་ཞེས་པའི་གཞུང་ལ་གཞུང་ཕྲན་དུ་མ་ཡོད་དོ། །དེ་ལྟར་དཔལ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གོང་དུ་བསྟན་པའི་རྩ་བཤད་ཀྱི་རྒྱུད་དེ་དག་ལ་བརྟེན་ནས་ལམ་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་ཀྱི་དབང་ལ་ཐུན་མོང་གི་དབང་དགུ་ཡོད་པའི་ཁྱད་ཆོས་དང་ལྡན་པ་སྔོན་དུ་སོང་ནས། གྲོལ་བྱེད་ཀྱི་ལམ་ལ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་རྣལ་འབྱོར་གསུམ་གྱི་ཏིང་ངེ་འཛིན་དང་།