R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩ན
[A:༡༩ན] རྫོགས་རིམ་རིམ་པ་ལྔ་པའི་མན་ངག་སྟེ་སྨིན་གྲོལ་ཆ་ཚང་ལ་མ་ནོར་བའི་གསང་བ་འདུས་པའི་ལམ་སྲོལ་འདི་ཕྱེ་བས་འདི་ལ་གསང་འདུས་འཕགས་ལུགས་སུ་གྲགས་ཤིང་ལུགས་འདི་ཉིད་གཙོ་བོ་ལྟ་བུ་ཡིན་པར་བཤད་དོ། །ཁ་ཅིག་གིས་ཡབ་སྲས་ལྔ་པོ་དེ་དག་འཕགས་པའི་གང་ཟག་ཡིན་པས། དེ་དག་གིས་བཀྲལ་བའི་ལམ་སྲོལ་ལ་གསང་འདུས་འཕགས་ལུགས་ཞེས་གྲགས་སོ་གསུངས་པ་ནི་མི་རིགས་ཏེ། དེ་ལྟར་ན་ཡེ་ཤེས་ཞབས་ལུགས་ལ་ཡང་འཕགས་ལུགས་ཞེས་བརྗོད་དགོས་ཏེ། སློབ་དཔོན་དེ་ཉིད་འཕགས་པའི་གང་ཟག་ཡིན་ཞིང་། དེས་བཀྲལ་བའི་ལམ་སྲོལ་ཡིན་པས་སོ། །དེས་ན་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་ལྟར་ལུགས་སྲོལ་དེ་ཉིད་བཀྲལ་མཁན་གྱི་གྲུབ་ཆེན་གྱི་མཚན་གྱི་སྒོ་ནས་ཆོས་ལ་མཚན་དེ་དང་དེར་ཐོགས་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་མཚན་གྱི་སྒོ་ནས་དེའི་བཀྲལ་བའི་གསང་འདུས་ཀྱི་ལམ་སྲོལ་ལ་གསང་འདུས་འཕགས་ལུགས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མཚན་གྱི་སྒོ་ནས་དེའི་བཀྲལ་བའི་གསང་འདུས་ཀྱི་ལམ་སྲོལ་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་སོགས་ཀྱི་མཚན་གྲགས་པ་ཡིན་པར་ཤེས་དགོས་སོ། །ལམ་སྲོལ་གཉིས་པ་ནི། རྩ་རྒྱུད་ལེའུ་བཅུ་བདུན་པ་དང་། དེའི་རྒྱུད་ཕྱི་མ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་གཉིས་བཤད་རྒྱུད་དུ་སྦྱར་ནས། རྩ་བཤད་ཀྱི་རྒྱུད་གསུམ་པོ་དེ་ལ་བརྟེན་ནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མགོན་པོ་འཇམ་པའི་དབྱངས་ཀྱི་ལུང་བསྟན་པ་ལྟར་གཞུང་བཅུ་བཞི་མཛད་ཅིང་ལེགས་པར་