R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ]ནས་གསང་བ་འདུས་པ་རིགས་དྲུག་གི་དཀྱིལ་འཁོར་བཞུགས་པ་དེ་ཉིད་དེ། དེ་ཡང་དུས་འཁོར་སྔོན་ལ་བྱུང་ནས་དེའི་ཆོས་སྐད་གསང་བ་འདུས་པ་ལ་སྦྱར་བ་ལྟ་བུ་ནི་མ་ཡིན་ལ། དུས་འཁོར་གསང་འདུས་ལྟར་བཀྲལ་བ་ཡང་མ་ཡིན་ཞིང་། དུས་འཁོར་བ་རྣམས་ཀྱི་ལུགས་ལ་བླ་མེད་ཐམས་ཅད་དུས་འཁོར་ལྟར་འཆད་པ་ཞིག་ཡིན་པས་གསང་བ་འདུས་པ་དུས་འཁོར་ལྟར་བཀྲལ་བ་ཞིག་ཡིན་པར་བཤད་དོ། །དེ་ལྟ་བུའི་གསང་བ་འདུས་པ་རིགས་དྲུག་གི་དཀྱིལ་འཁོར་ཡང་། གསང་འདུས་ལྷ་དགུ་མ། བཅུ་གསུམ་མ། བཅུ་དགུ་མ། ཉེར་ལྔ་མ། སོ་གཉིས་མ། སོ་བཞི་མ་རྣམས་ཡིན་པ་ལས། དང་པོ་ནི་རིགས་ལྔ་ཡུམ་བཞིའི་དཀྱིལ་འཁོར། གཉིས་པ་ནི། དེ་དག་གི་སྟེང་དུ་སྒོ་བ་བཞི་བསྣན་པའི་དཀྱིལ་འཁོར། གསུམ་པ་དེའི་སྟེང་དུ་རྡོ་རྗེ་མ་དྲུག་བསྣན་པའི་དཀྱིལ་འཁོར། བཞི་པ་ནི་དེ་ཉིད་ཀྱི་སྟེང་དུ་བྱམས་པ་དང་ས་སྙིང་དོར་བའི་སེམས་དཔའ་དྲུག་བསྣན་པའི་དཀྱིལ་འཁོར། ལྔ་པ་ནི་ལྷ་དེ་རྣམས་ཀྱི་སྟེང་དུ་ཁྲོ་བོ་གཙུག་ཏོར་ཅན་ཐེ་བའི་ཁྲོ་བོ་ལྔ། ཁྲོ་མོ་དྲག་ཅན་མ་དང་དྲུག་བསྣན་གཙོ་བོ་ཡབ་ཡུམ་གཉིས་གཅིག་ཏུ་བགྲངས་པས་སོ་གཉིས་འབྱུང་བའི་དཀྱིལ་འཁོར་དེ་ཉིད་དོ། །དྲུག་པ་ནི་དེའི་སྟེང་དུ་གནོད་མཛེས་དང་། ཤིན་ཏུ་སྔོན་མོ་བསྣན་པས་སོ་བཞི་འབྱུང་བ་དེ་ཡིན་ནོ། །དེའི་ནང་ནས་ཐོག་མཐའ་གཉིས་ནི་དུས་འཁོར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པར་བཤད་ལ། ལྷ་བཅུ་གསུམ་མ་ནི་རྩ་རྒྱུད་ཀྱི་དངོས་བསྟན་དུ་ཡོད་པར་བཤད་ཅིང་། གྲུབ་ཆེན་ཨིནྡྲ་བྷུ་ཏིས་ཡེ་ཤེས་གྲུབ་པར་ཡང་བཤད། ལྷ་བཅུ་དགུ་མ་ནི་ཡེ་ཤེས་ཞབས་ལུགས་དང་ཐུན་མོང་བ། ཉི་ཤུ་རྩ་ལྔ་མ་ནི་གྲུབ་ཆེན་