R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢ན
[A:༢༢ན]ཀུན་དགའ་སྙིང་པོའི་ལུགས་དང་ཐུན་མོང་བ། ལྷ་སོ་གཉིས་མ་ནི་འཕགས་ལུགས་དང་ཐུན་མོང་བ་ཡིན་པར་གསུངས་པ་ཡིན་ནོ། །ལམ་སྲོལ་བདུན་པ་ནི། རྡོ་རྗེ་སེམས་དཔས་ཟ་ཧོར་གྱི་རྒྱལ་པོ་རབ་གསལ་ཟླ་བ་ལ་ཏནྟྲ་སྡེ་བཅོ་བརྒྱད་ཡོ་གར་འབྲེལ་བའི་མན་ངག་གནང་བ་ལ་བརྟེན་ནས། རྒྱལ་བས་ལུང་བསྟན་ཅིང་སྒྲོལ་མས་བྱིན་གྱིས་བརླབས་པའི་གྲུབ་ཆེན་ཀུན་དགའ་སྙིང་པོས་གསང་འདུས་རྩ་རྒྱུད་དང་། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་དུ་བསྡེབས་ནས་ཡོ་ག་རྡོར་དབྱིངས་ལྟར་བསྣུན་སྲེག་བཅིངས་གསུམ་གྱི་སྲུང་འཁོར་དང་། ཕྱག་རྒྱ་བཞིས་རྒྱས་འདེབས་སོགས་མཛད་པའི་ལུགས་དེ་ཉིད་དང་། དེ་ཡང་གྲུབ་ཆེན་འདི་རྡོར་དབྱིངས་ལྟར་མཛད་པའི་དགོངས་བཞེད་སྟོན་པ་སངས་རྒྱས་ནས་ཞག་བདུན་ལོན་པའི་ཚེ་རྩ་རྒྱུད་དེ་ཉིད་འདུས་པ་གསུངས་པས། དེའི་རྗེས་སུ་གསུངས་པའི་རྒྱུད་ཐམས་ཅད་དེའི་བཤད་རྒྱུད་ལྟ་བུར་བཞེད་ཅིང་། མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་། ཕ་རྒྱུད་གསང་བ་འདུས་པ། སྒྱུ་འཕྲུལ་དྲ་བ་སོགས་ཡོ་གར་བཤད་དེ། སངས་རྒྱས་མཉམ་སྦྱོར་དང་གསང་བ་འདུས་པ་གཉིས་ལ་ཡོ་ག་ལྟར་བཀྲལ་བའི་འགྲེལ་པ་ཡང་མཛད་ལ། འོ་ན་གསང་བ་འདུས་པ་སོགས་བླ་མེད་རྣམས་ཡོ་གར་བཀྲལ་བ་མི་འཐད་དམ་སྙམ་ན། སྐྱོན་མེད་དེ། སྤྱིར་ཡོ་ག་ལ་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་འགྲེལ་ཚུལ་དང་། ཟ་ཧོར་གྱི་སློབ་དཔོན་རྣམས་ཀྱི་འགྲེལ་ཚུལ་གཉིས་ལས། དང་པོ་ནི། གསང་སྔགས་ལ་རྒྱུད་སྡེ་བཞི་སོགས་ཀྱི་རྣམ་གཞག་མཛད་ནས་རྡོར་དབྱིངས་སོགས་རྒྱུད་སྡེ་གསུམ་པར་མཛད་དེ། དེའི་གོང་