R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ]ན་བསྐྱེད་རྫོགས་ཟབ་མོའི་ལམ་རྣམས་ཀྱི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ཡོད་པར་བཞེད། གཉིས་པ་ནི་གྲུབ་ཆེན་ཀུན་སྙིང་སོགས་ཟ་ཧོར་བ་རྣམས་སྤྱིར་གསང་སྔགས་ལ་རྒྱུད་སྡེ་གསུམ་གྱི་གྲངས་ངེས་མཛད་ནས་སྤྱོད་རྒྱུད་ཀྱི་གོང་དུ་ཡོད་པའི་རྒྱུད་སྡེ་ཐམས་ཅད་ཡོ་གར་བསྡུས་ཏེ། དེ་དག་གི་གོང་ན་བླ་མེད་བྱ་བའི་རྒྱུད་སྡེ་མེད་པར་བཞེད་པས་འགལ་བ་ཆེར་མེད་ཅིང་། གསང་བ་འདུས་པའི་རྒྱུད་ཀྱི་དགོངས་པ་ཞིག་ཡིན་པར་བཤད་པ་ཡིན་ཏེ། དཔེར་ན་བླ་མེད་སྤྱི་ཙམ་པ་ལ་ཡང་འཕགས་ཡུལ་བའི་སློབ་དཔོན་རྣམས་ཀྱི་བཞེད་པས། དུས་འཁོར་འདི་བླ་མེད་གཞན་དང་མི་མཐུན་པའི་ཆོས་སྐད་ཟུར་བ་ཞིག་ཡིན་པར་གསུངས་ལ། བྱང་ཤམྦྷ་ལའི་རིགས་ལྡན་རྣམས་ཀྱིས་བླ་མེད་ཐམས་ཅད་དུས་འཁོར་ལྟར་བཤད་རྒྱུ་ཡིན་གསུངས་ནས་བདེ་དགེས་གསང་གསུམ་སོགས་དུས་འཁོར་ལྟར་བཀྲལ་བའི་སེམས་འགྲེལ་སྐོར་གསུམ་བྱུང་བ་ལྟ་བུའོ། །གཉིས་པ་བོད་ཡུལ་དུ་ལམ་སྲོལ་ཇི་ལྟར་བྱུང་བའི་ཚུལ་ནི། འོ་ན་གསང་བ་འདུས་པ་འདི་བོད་དུ་དུས་ཇི་ཙམ་ན་བྱོན་བཤད་པའི་སྲོལ་མི་འདྲ་བ་ཇི་ལྟར་བྱུང་ཞེ་ན། བསྟན་པ་སྔ་དར་ལ་འདི་འགྱུར་ཀྱང་ཕྱིས་ལྷད་ཞུགས་པར་བཤད་པས་ལྟར་སྣང་བ་ཡིན་ལ། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོས་པཎྜི་ཏ་ཤདྡྷ་ལ་གསང་འདུས་ཀྱི་ཆོས་སྐོར་ཞུས་ནས་བསྒྱུར་ཅིང་དར་བར་མཛད་ཀྱང་དེང་སང་ལོ་ཆེན་ནས་བརྒྱུད་པའི་གསང་འདུས་འཕགས་ལུགས་ནི་ཆད་ནས་མི་བཞུགས་པ་ལ། ཕྱིས་ལོ་ཆེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་སུ་ཇོ་བོ་རྗེ་བོད་དུ་བྱོན་ནས་མགར་དགེ་བ་