R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན]རབ་གསལ་ལ་གསང་འདུས་འཕགས་ལུགས་གནང་ཡང་དེ་ཉིད་ལས་བརྒྱུད་པ་དེང་སང་མི་བཞུགས། ཡང་ཇོ་བོས་ལྷ་བཙུན་བྱང་ཆུབ་འོད་ལ་གསང་འདུས་འཇམ་རྡོར་གྱི་དཀྱིལ་འཁོར་ལ་སྤྱན་རས་གཟིགས་དབུས་སུ་གོ་འཕོ་བའི་གསང་འདུས་སྤྱན་རས་གཟིགས་ལྷ་བཅུ་དགུའི་དབང་གནང་ཞིང་། དེ་ནས་བརྒྱུད་པའི་དབང་དེ་དེང་སང་ཡང་མ་ཉམས་པར་བཞུགས་སོ། །གསང་འདུས་སྤྱན་རས་གཟིགས་འདི་ཡང་སློབ་དཔོན་ཤནྟི་པས་གསང་འདུས་ཀྱི་འགྲེལ་པར། གལ་ཏེ་རྒྱལ་གཞན་དབུས་མར་བཞག །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཡིན། །ཞེས་འབྱུང་བ་ལྟར། ཡེ་ཤེས་ཞབས་ལུགས་པས་འཇམ་དབྱངས་དབུས་སུ་བཞག་ནས། འཇམ་དབྱངས་ཀྱི་རིགས་བདག་མི་བསྐྱོད་པ་དེ་ཡར་བཏེགས་པའི་དཀྱིལ་འཁོར་དེ་མི་བསྐྱོད་པའི་དཀྱིལ་འཁོར་དུ་འཇོག་པ་ལྟར། ཇོ་བོའི་ལུགས་ལ་སྤྱན་རས་གཟིགས་དབུས་སུ་བཞག དབུས་ཀྱི་མི་བསྐྱོད་པ་ནུབ་ཀྱི་འོད་དཔག་མེད་ཀྱི་གནས་སུ་བཞག འོད་དཔག་མེད་སྤྱན་རས་གཟིགས་ཀྱི་རིགས་བདག་ཏུ་ཡར་བཏེགས་པས་དཀྱིལ་འཁོར་དེ་ཡང་སྤྱན་རས་གཟིགས་ཀྱི་རིགས་བདག་འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་འགྱུར་བར་གསུངས་པ་ཡིན་ནོ། །ལྷ་བཅུ་དགུའི་དཀྱིལ་འཁོར་དེ་ཡང་གསང་བ་འདུས་པ་རྩ་རྒྱུད་ཀྱི་དངོས་བསྟན་ལ་རིགས་ལྔ་ཡུམ་བཞི་ཁྲོ་བོ་བཞི་སྟེ་བཅུ་གསུམ་ལས་མེད་ཀྱང་། གླེང་གཞི་ནས་འབྱུང་བའི་རྡོ་རྗེ་མ་དྲུག་བསྣན་པ་ལ་བཞེད་པ་ཡིན་ལ། དེའི་ཚེ་རིགས་ལྔ་མ་ཚང་བར་འགྱུར་བའམ་རིགས་ལྔ་ཚང་ཡང་འཁོར་གྱི་ལྷས་གཙོ་བོའི་ས་བཟུང་བས་གཙོ་འཁོར་གོ་ལོག་པའི་ཉེས་པ་མི་འབྱུང་