R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣བ
[A:༢༣བ]སྙམ་ན། འཇམ་རྡོར་གྱི་ཚེ་མི་བསྐྱོད་པ་རིགས་བདག་ཏུ་བཏེགས། དེའི་དོད་དུ་འཇམ་དབྱངས། སྤྱན་རས་གཟིགས་ཀྱི་ཚེ་འོད་དཔག་མེད་རིགས་བདག་ཏུ་བྱས། དེའི་ཤུལ་དུ་མི་བསྐྱོད་པ་བཞུགས། དབུས་སུ་སྤྱན་རས་གཟིགས་བཀོད་པས་རིགས་ལྔ་མ་ཚང་བའི་སྐྱོན་ཡང་མེད་ཅིང་། གལ་ཏེ་རྒྱལ་གཞན་དབུས་མར་བཞག །ཅེས་པ་ལྟར་འཇམ་དབྱངས་དང་སྤྱན་རས་གཟིགས་གཉིས་འཁོར་གྱི་སེམས་དཔའ་གཙོ་བོའི་གནས་སུ་བཞག་པ་མིན་གྱིས། རང་དགའ་བ་རེ་གཞན་ནས་བྱོན་པ་གཙོ་བོར་བཞག་པ་ཡིན་པས་གཙོ་འཁོར་གོ་ལོག་གི་ཉེས་པ་མེད་པར་ཤེས་དགོས་སོ། །དེས་ན་ཡེ་ཤེས་ཞབས་ལུགས་པའི་ལྷ་བཅུ་དགུ་མ་ལ་དབུས་ཀྱི་མི་བསྐྱོད་པ་རིགས་བདག་ཏུ་ཡར་བཏེགས་པས་གཙོ་འཁོར་གྱི་སར་བཀོད་པའི་ཉེས་པ་མི་འབྱུང་། ཇོ་བོའི་ལུགས་ཀྱི་སྤྱན་རས་གཟིགས་ལྷ་བཅུ་དགུ་མ་ལ་གཙོ་འཁོར་གོ་ལོག་པའི་ཉེས་པ་རང་ག་ལ་ཡོང་། འོན་ཀྱང་དབུས་ཀྱི་མི་བསྐྱོད་པ་ནུབ་ཀྱི་འོད་དཔག་མེད་ཀྱི་གནས་སུ་སྤོས་པས་གཙོ་བོ་འཁོར་གྱི་གནས་སུ་ཕབ་པ་ལྟར་སྣང་བས་དཔྱོད་ལྡན་དག་གིས་ཉེས་སྤོང་ལ་འབད་དགོས་སོ་ཞེས་བླ་མ་མཁས་པ་དག་གིས་བཤད་དོ། །འོ་ན་ཡེ་ཤེས་ཞབས་ལུགས་པའི་བཅུ་དགུ་མ་འདི་མགོན་པོ་འཇམ་པའི་དབྱངས་ཀྱིས་ཡེ་ཤེས་ཞབས་ལུགས་ལ་དངོས་སུ་གནང་བས་འདི་ལ་འཁྲུལ་བ་མེད་ཀྱིས། ཇོ་བོ་རྗེའི་ལྷ་བཅུ་དགུ་མ་འདི་ཇི་ལྟར་ཡིན་ཞེ་ན། འདི་ཉིད་ཡི་དམ་གྱིས་གནང་བ་ཡིན་ནམ། བླ་མ་བརྒྱུད་པའི་མན་ངག་ཡིན་གསལ་ཁ་བྱས་པ་ཞིག་ཁོ་བོས་སྔར་མ་མཐོང་བས་འདི་ཡིན་གྱི་ཁ་ཚོན་གཅོད་མ་སྤོབས་མོད།