R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤ན
[A:༢༤ན]འོན་ཀྱང་ཇོ་བོ་རྗེ་འདི་སྙིགས་མའི་སྐྱེ་བོ་གདུག་པ་ཅན་རྣམས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་སྒོ་ནས་འདུལ་བ་ལ་ཆེས་མཁས་ཤིང་། ཡི་དམ་ཐུགས་རྗེ་ཆེན་པོ་དང་། རྗེ་བཙུན་སྒྲོལ་མ་སོགས་ཀྱིས་རྗེས་སུ་བཟུང་བ་སོགས་དཔག་ཏུ་མེད་པའི་ཡོན་ཏན་མངའ་བ་རྩོད་པ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པར་ཡོངས་ལ་གྲགས་ཤིང་གྲུབ་པས། ཡི་དམ་ལྷས་གནང་བ་ཐོབ་པའི་གདམས་པའམ། བླ་མ་བརྒྱུད་པ་བར་མ་ཆད་པ་ལས་འོངས་པའི་མན་ངག་ལྟ་བུ་འཁྲུལ་མེད་ཚད་ལྡན་ཞིག་ཡིན་པ་ལ་ནི་ཐེ་ཚོམ་ཟ་དགོས་པ་མ་ཡིན་ནོ། །ཡང་ཇོ་བོ་རྗེ་བོད་དུ་ཕེབས་པའི་རྗེས་ཙམ་ལ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་གསང་བ་འདུས་པའི་ཆོས་སྐོར་གསན་ནས་བོད་དུ་སྤེལ་བའི་ལོ་ཙཱ་བ་འདིའི་ལུགས་ཀྱི་གསང་བ་འདུས་པའི་ཆོས་སྐོར་ཡང་བོད་དུ་བྱོན་ལ། ཡང་བླ་མ་གཉན་ལོ་ཙཱ་བས་རི་སུལ་གྱི་རྣལ་འབྱོར་མ་དང་བླ་མ་བནྡྷ་པ་ལ་ཡེ་ཤེས་ཞབས་ལུགས་གསན། དེ་ཉིད་ནས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བརྒྱུད་པའི་དབང་རྒྱུན་སོགས་དེང་སང་ཡང་མ་ཉམས་ཤིང་འཕེལ་རྒྱས་སུ་བཞུགས་པ་ཡིན་ལ། གཞན་ཡང་ཕྱིས་སུ་ཆག་ལོ་ཆོས་རྗེ་དཔལ་གྱིས་བལ་པོའི་པཎྜི་ཏ་ར་ཝེནྟྲ་པ་ལ་གསང་བ་འདུས་པའི་དབང་བཀའ་དང་བཤད་བཀའ་སོགས་གསན་ནས། དེའི་སློབ་མ་གྲགས་པ་གྲུབ། དེའི་སློབ་མ་ཇོ་བཙུན་མེ་འབར་སོགས་ལ་བརྒྱུད་ནས་ད་ལྟ་ཡང་དབང་བཀའ་བཞུགས་པར་སེམས་ལ། ཡང་འབྲོག་མིའི་སྐུ་ཚེའི་སྨད་ཙམ་ལ་དེའི་སློབ་མ་འགོས་ཁུག་པ་ལྷས་བཙས་སམ་མཚན་དངོས་འགོས་ལོ་བསོད་ནམས་རྩེ་མོ་ཞེས་བྱ་བ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་