R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]བཅང་གི་མན་ངག་གང་ཟག་ཅིག་ཅར་བའི་ལམ་རིམ་སྟོན་པ་རིམ་ལྔ་གདན་རྫོགས་སམ་ནག་ཁྲིད་ལ་བཞེད་ཅིང་། ཕྱི་མ་འདི་ལ་དབང་བསྐུར་བའི་ཚུལ་ཡང་དབང་བཞི་ལ་དཀྱིལ་འཁོར་བཞི་དང་། མེ་ཏོག་དོར་ཚུལ་མི་འདྲ་བ་བཞི་དང་། ཡེ་ཤེས་དབབ་པའི་ཚུལ་མི་འདྲ་བ་བཞི་མཛད་ནས་འདི་གཞན་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པར་གསུངས་ནས་མར་པ་རང་གི་ཐུགས་བཞེད་ཀྱང་ཕྱི་མ་འདི་ལ་གཏད། འདི་ལ་མར་པས་རིམ་ལྔ་བསྡུས་གསལ་མཛད། བརྒྱུད་པ་འཛིན་པ་ལ་རྒྱ་ཕོ་བ་ལུང་པ་དང་། གཙང་སྟོན་གྱི་མེ་སྟོན་ཚོན་པོ་གཉིས་བྱུང་ཞིང་། ཕོ་བ་ལུང་པ་དང་མེ་སྟོན་ཚོན་པོ་གཉིས་ཀས་རིམ་ལྔ་བསྡུས་གསལ་ལ་འགྲེལ་པ་རེ་མཛད་པའི་སྔ་མ་ལྷད་མ་ཞུགས་པའི་རྣམ་དག་ཅིག་ཡོད་པར་གསུངས་ལ། ཕྱི་མ་འདི་ལ་ནཱ་རོ་ཆོས་དྲུག་དང་བསྲ་ས་བསྲེ་སེ་བྱས་པའི་འགྲེལ་པ་རྣམ་དག་མ་ཡིན་ཞེས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རྒྱུན་ལས་འབྱུང་ངོ་། །ཡང་རྗེ་མར་པ་ལོ་ཙཱ་བས་ཚུར་སྟོན་དབང་གི་རྡོ་རྗེ་ལ་གདམས། དེ་ནས་མཁས་གྲུབ་འགའ་བརྒྱུད་ནས་རྒྱ་མཁར་ཐང་སྤེ་བ་འཕགས་པ་སྐྱབས་ཀྱི་བར་དུ་བྱོན། འཕགས་པ་སྐྱབས་འདི་མན་ཆད་འགོས་དང་མར་ལུགས་གཉིས་ལྡན་དུ་བཞུགས། དེ་ལ་གསེར་སྡིངས་བ་གཞོན་ནུ་འོད་ཀྱི་ལུགས་གཉིས་ཆར་གསན་མེད་ཀྱང་། གསེར་སྡིངས་པ་འདི་གསང་འདུས་ལ་མཁས་ཤིང་ཞལ་ཕོད་ཀྱང་ཆེ། ལུགས་གཉིས་ཀྱི་ནང་ནས་མར་ལུགས་ལ་ཐུགས་རྩིས་ཆེ་བས་ཡིག་ཆ་ཡང་། བླ་མ་བརྒྱུད་པའི་ལོ་རྒྱུས། བསྐྱེད་རྫོགས་གཉིས་གདན་ཐོག་གཅིག་ཏུ་བསྒོམ་པ། ལམ་རྟགས་དང་