[A:༢༨ན]ཡིན་ནོ། །གཞན་ཡང་བོད་དུ་གསང་བ་འདུས་པ་དཔྱལ་ལུགས་དང་། གཉོས་ལོ་ཙཱ་བའི་ལུགས་ཀྱི་གསང་འདུས་འཇམ་རྡོར་གྱི་བཤད་སྲོལ། པ་ཚབ་ལོ་ཙཱ་བས་ཤུད་ཕུ་ལོ་ཙཱ་བའི་ལུགས་ཀྱི་གསང་འདུས་བསྒྱུར་བ་སོགས་ཤིན་ཏུ་མང་བ་བྱོན་ཀྱང་། དེ་དག་ཕལ་ཆེར་ནི་དབང་དང་རྒྱུད་བཤད་གདམས་ངག་སོགས་ཕྱོགས་རེ་བ་ཙམ་ཡིན་ལ། སྨིན་གྲོལ་ཆ་ཚང་ཞིང་ལུགས་སྲོལ་ཀུན་གྱི་གཙོ་བོ་ནི་འགོས་ལུགས་དང་མར་ལུགས་གཉིས་དང་། ཕྱིས་སུ་བདག་ཉིད་ཆེན་པོ་ས་པཎ་ལ་བཀའ་བབས་པའི་ལུགས་གསར་མ་དང་གསུམ་ཡིན་ལ། དེ་དག་ཀྱང་གསང་བ་འདུས་པ་མི་བསྐྱོད་པའི་རིགས་ཡིན་གྱི། འཇམ་པའི་རྡོ་རྗེ་དང་ཇོ་བོའི་ལུགས་ཀྱི་གསང་འདུས་སྤྱན་རས་གཟིགས་ཀྱི་སྲོལ་གཉིས་པོ་འདི་ཡང་མཁས་པ་རྣམས་ལ་རྩོད་མེད་ཚད་ཐུབ་དུ་གྲགས་ཤིང་དེང་སང་བཀའ་མ་ནུབ་པར་བཞུགས་སོ། །དེ་རྣམས་ཀྱིས་དཔལ་གསང་བ་འདུས་པ་རྒྱ་བོད་དུ་ལམ་སྲོལ་ཇི་ལྟར་བྱུང་བའི་ཚུལ་བསྟན་ཟིན་ནས།། ༈ །།སྤྱི་དོན་གསུམ་པ་འདུས་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་རྒྱ་བོད་དུ་ཇི་ལྟར་དར་བའི་ཚུལ་ལ་ཡང་། འཕགས་ཡུལ་དུ་བྱོན་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འཕགས་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང་། བོད་ཡུལ་དུ་བྱོན་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གཉིས་ལས། དང་པོ་ལ་འཕགས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འཕགས་སྐོར་དར་བའི་ཚུལ་དང་། ཡེ་ཤེས་ཞབས་ལུགས་ཀྱི་བརྒྱུད་རིམ་བསྟན་པའི་