[A:༢༨བ]སྒོ་ནས་ལུགས་དེ་དར་བའི་ཚུལ་གཉིས་ལས། དང་པོ་ནི། གོང་དུ་བསྟན་པ་ལྟར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་རྒྱལ་ཆེན་ཨིནྡྲ་བོ་དྷི་འཁོར་དང་བཅས་པ་སྨིན་པར་མཛད་པའི་རྗེས་སུ་སླར་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀླུ་ལས་གྱུར་པའི་དཔའ་བོ་དང་མཁའ་འགྲོ་མ་མང་པོ་ལ་གསང་བ་འདུས་པ་བསྟན། འདུས་པའི་རྒྱུད་ཀྱི་གླེགས་བམ་རྣམས་ཀྱང་ཀླུ་ལས་གྱུར་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཏད་ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན་ཆེས་དར་བར་ཡོད་པ་ལས། དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཨོ་དྷེ་ཤ་ན་རྒྱལ་པོ་བི་སུ་ཀལྤ་ལེགས་པའི་ཏོག་ཅེས་བྱ་བ་རྒྱུ་མཚན་ཉིད་ཐེག་པ་ལ་མཁས་པ་ཞིག་བཞུགས་ཏེ། དེའི་ཐུགས་དགོངས་ལ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལས། ལས་དང་པོ་པས་འདོད་ཡོན་སོགས་ཉོན་མོངས་པ་སྤངས་ནས་བྱང་ཆུབ་བསྒྲུབ་པར་གསུངས་ནའང་། མདོ་བསྡུད་པ་ལས། དེ་ཚེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །ཞེས་སོགས་དང་། འོད་སྲུང་གིས་ཞུས་པ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེས་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་འདོད་ཡོན་ལ་སྤྱོད་ཅིང་ཉོན་མོངས་གྲོགས་སུ་འཆར་བའི་ལམ་སྟོན་པའི་ཚིག་ཅིག་ནི་བྱུང་། དེ་ཉམས་སུ་ལེན་ཚུལ་མི་ཤེས་པ་ལ་གསལ་བར་བསྟན་པ་མ་བྱུང་བས། དེ་སྟོན་པའི་རྒྱལ་བའི་བཀའ་ཞིག་ནི་ཡོད་ངེས། དེ་ལྟ་བུའི་ཐེག་པ་མཆོག་དང་མཇལ་བར་ཤོག་ཅིག་ཅེས་སྨོན་པའི་ཚེ།