R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]གསུངས་པ་ལྟར་དབྱངས་གསལ་གྱི་ཡི་གེ་རེ་རེའི་མཐའ་ཅན་གྱི་མཚན་དང་ལྡན་པའི་རྒྱུད་སྡེ་དུ་མ་ཞིག་གསུངས་པའི་ནང་ནས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པ་ཡི་གེ་ས་མཱ་ཛཿའདུས་པའི་བདག་ཉིད། དཔལ་གསང་བ་འདུས་པ་ཞེས་བྱ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་འཆད་པ་ལ། དེ་ཡང་སྤྱིར་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་བསམ་པ་དང་འཚམས་པར་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་བསྡུ་ན། དམན་པ་ཉན་ཐོས་ཀྱི་ཐེག་པ་དང་། རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཟབ་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་གསུམ་དུ་འདུ་བར། སློབ་དཔོན་ཨཱརྻ་དེ་ཝས་སྤྱོད་བསྡུས་སྒྲོན་མེ་དང་། སློབ་དཔོན་ཤཱནྟི་པས་ཐེག་གསུམ་རྣམ་གཞག སློབ་དཔོན་དྲན་པའི་ཡེ་ཤེས་གྲགས་ཀྱི་བཀའ་མཐའ་དག་བསྡུས་ཏེ་བཤད་པ་ཞེས་པའི་བསྟན་བཅོས་དང་། སློབ་དཔོན་ཏྲི་པི་ཏ་ཀ་མས་ཚུལ་གསུམ་སྒྲོན་མེ་རྣམས་ལས་བཤད་ལ། དེ་དག་གི་ནང་ནས་གསང་སྔགས་རྡོ་རྗེ་ཐེག་པ་ནི་གདུལ་བྱ་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་གསུངས་པ་ཡིན་ཏེ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་གསུངས་པས་སོ། །དེ་ལྟར་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པ་ལ་དབྱེ་ན་དུ་ཡོད་ཅེ་ན། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ནི་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་མེད་དང་བཞི་