R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]ཡོད་པར་གསུངས་ཤིང་། དེ་དག་གི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ཉིད་གཙོ་བོ་ཡིན་ལ། དེ་ལ་ཡང་ཕ་རྒྱུད་མ་རྒྱུད་གཉིས་སུ་གསུངས་པ་ཡིན་ཏེ། སྐྱེས་པ་རྣམས་ནི་རྗེས་གཟུང་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་ཅེས་བཤད། །བུད་མེད་རྣམས་ནི་རྗེས་བཟུང་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པས་སོ། །འོ་ན་ཁྱད་པར་གང་གིས་ཕ་རྒྱུད་དང་མ་རྒྱུད་དུ་འཇོག་པ་ཡིན་སྙམ་ན། འདི་ལ་བླ་མ་གོང་མ་འགའ་ཞིག་གིས་སྐྱེས་པ་འདུལ་བའི་དོན་དུ་གསུངས་པ་དང་། ཕོས་ཞུས་པ་དེ་ཕ་རྒྱུད། བུད་མེད་འདུལ་བའི་དོན་དུ་གསུངས་པ་དང་། མོས་ཞུས་པ་དེ་མ་རྒྱུད་ཡིན་གསུངས་པ་དང་། ཡང་ཁ་ཅིག་དུར་ཁྲོད་ཡོད་མེད་དང་། རྫོགས་རིམ་ལ་རླུང་སྟོན་པ་དང་། འོད་གསལ་དང་ཟུང་འཇུག་སྟོན་པ་དེ་ཕ་རྒྱུད། རྩ་ཐིག་དང་དགའ་བ་བཞི་སྟོན་པ་དེ་མ་རྒྱུད་ཡིན་ཞེས་གསུངས་པ་སོགས་མང་དུ་ཡོད་ཀྱང་། དེ་དག་གིས་ནི་ཕྱོགས་རེ་ཙམ་མཚོན་ནུས་ཀྱི། ཁྱད་པར་འབྱེད་བྱེད་ཀྱི་གཙོ་བོ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གྲུབ་ཆེན་ནག་པོ་པས། བསྐྱེད་དང་རྫོགས་འབྱུང་དབྱེ་བ་ཡིས། །རྣལ་འབྱོར་ཕ་དང་རྣལ་འབྱོར་མ། །བསྐྱེད་པ་རྣལ་འབྱོར་ཕ་ཞེས་བྱ། །རྫོགས་པ་རྣལ་འབྱོར་མ་ཞེས་གྲགས། །ཞེས་གསུངས་པས་ན་བསྐྱེད་རིམ་རྒྱས་པར་དངོས་སུ་སྟོན་ཅིང་རྫོགས་རིམ་ཤུགས་ལ་སྟོན་པ་དེ་ཕ་རྒྱུད་དང་། རྫོགས་རིམ་རྒྱས་པ་དངོས་སུ་སྟོན་ཅིང་བསྐྱེད་རིམ་ཞར་བྱུང་ལྟ་བུར་སྟོན་པ་དེ་མ་རྒྱུད་དུ་འཇོག་པ་ཡིན་ནོ། །དེས་ན་ཕ་རྒྱུད་འདི་མ་རྒྱུད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། མ་རྒྱུད་པའི་གདུལ་བྱ་ནི་དབང་པོ་རྟུལ་པོ་དབང་དུས་ཀྱི་ཉམས་མྱོང་གི་རྒྱུན་དེ་ཉིད་གོམས་པར་བྱེད་པ་ཙམ་ཡིན་ལ། ཕ་རྒྱུད་པའི་