R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]གདུལ་བྱ་དེ་ལམ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་ཤིང་། མ་རྒྱུད་པའི་ལམ་གྱི་གཙོ་བོ་གཏུམ་མོའི་རྣལ་འབྱོར་ནི། ཕ་རྒྱུད་པའི་ངག་དབེན་རྡོར་བཟླས་ཀྱི་སྐབས་སུ་ཚང་ཞིང་། ཕྱག་རྒྱ་ལ་བརྟེན་པ་དབང་གསུམ་པའི་ལམ་དགའ་བ་བཞིའི་ཡེ་ཤེས་འདྲེན་པར་བྱེད་པ་ནི། ཕ་རྒྱུད་པའི་སེམས་དབེན་ལས་ཀྱི་ཕྱག་རྒྱ་ལ་བསྟེན་པ་དང་། ཆགས་ལམ་དུ་མཚུངས་པས་སེམས་དབེན་ཀྱི་སྐབས་སུ་དགའ་བ་བཞིའི་ཡེ་ཤེས་ཚངས་ཤིང་། དེའི་སྟེང་དུ་ཡང་སྒྱུ་ལུས་འོད་གསལ་ཟུང་འཇུག་སོགས་ཕ་རྒྱུད་ལ་ལྷག་པོར་ཡོད་པའི་ཕྱིར་རོ་ཞེས་རྗེ་འགོས་ལོ་ཙཱ་བས་བཤད་པ་ཡིན་ནོ། །དེ་ལྟར་བླ་མེད་ཀྱི་རྒྱུད་ཐམས་ཅད་བསྡུ་ན་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་སུ་འདུ་བ་དང་། གཉིས་པོ་དེར་ཡོད་མོད་ཀྱང་། རྒྱུད་ཀྱི་དགོངས་པ་མཐར་ཐུག་ངེས་དོན་དུ་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། དགེས་རྡོར་གྱི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པའི་ལུང་རྡོ་རྗེ་སྙིང་འགྲེལ་དུ་དྲངས་པ་ལས། གང་དུ་ཐབས་ནི་ཀུན་སྤྱོད་ཅིང་། །ཤེས་རབ་གནས་པར་གྱུར་པ་ནི། །ཀུན་རྫོབ་རྣལ་འབྱོར་ཕ་རྒྱུད་དུ། །གང་ཡིན་དེ་ནི་ང་ཡིས་བཤད། །གང་དུ་ཤེས་རབ་ཀུན་སྤྱོད་ཅིང་། །ཐབས་ནི་གནས་པར་གྱུར་པ་ནི། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །གང་ཡིན་དེ་ནི་ང་ཡིས་བཤད། །ཀྱཻ་རྡོར་གྱི་ནི་ཕྱོགས་གཅིག་མིན། །དོན་གྱི་འདུས་པ་ལ་སོགས་པ། །ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །ཞེས་དང་། དུར་ཁྲོད་འགྲེལ་པ་ཡེ་ཤེས་ལེའུར་ཡང་། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཅེས་པས་ཏེ། ཀུན་རྫོབ་ཀྱི་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་ཐབས་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་