R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །རང་གི་ངོ་བོ་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད། གཞན་རྣམས་རྣལ་འབྱོར་གྱི་རྒྱུད་འདི་ཉིད་དེ། ཞེས་གསུངས་པས་སོ། །ལུང་དེ་གཉིས་ཀྱིས་ནི་གོང་དུ་སྨོས་པའི་ཕ་རྒྱུད་དང་མ་རྒྱུད་ཀྱི་ཁྱད་པར་འབྱེད་བྱེད་ཀྱང་གསལ་བར་བསྟན་ནོ། །ངེས་དོན་དུ་བླ་མེད་ཐམས་ཅད་ཐབས་ཤེས་གཉིས་མེད་ཡིན་ཞེས་པའི་དོན་ཡང་རྒྱུད་ཀྱི་དགོངས་པ་མཐར་ཐུག་བསྐྱེད་རྫོགས་ཟུང་འཇུག་ཏུ་གནས་ཞེས་པའི་དོན་ཡིན་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱ་སོ་སོའི་ངོར་ཆོས་སྣ་ཚོགས་པ་ཞིག་གསུངས་པ་ཐམས་ཅད་ངེས་དོན་དུ་དེ་བཞིན་ཉིད་ལ་གཞོལ་ཞིང་འབབ་པར་བཤད་པ་དང་མཚུངས་པ་ཡིན་པས་སོ། །ངེས་དོན་དུ་ཐབས་ཤེས་གཉིས་མེད་ཡིན་ཀྱང་། ཀུན་རྫོབ་དྲང་དོན་དུ་ཕ་རྒྱུད་མ་རྒྱུད་གཉིས་སུ་གསུངས་པའི་ཕའི་རྒྱུད་ལ། ཟླ་བཟང་ཐིག་ལེའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་གཙོ་བོར་གསུངས་པ་གསང་བ་འདུས་པའི་སྐོར། གདུལ་བྱ་ཞེ་སྡང་ཅན་འདུལ་བའི་ཕྱིར་དུ་གཙོ་བོར་བསྟན་པ་གཤིན་རྗེ་གཤེད་ཀྱི་སྐོར། གདུལ་བྱ་གཏི་མུག་ཅན་འདུལ་བའི་ཕྱིར་དུ་གཙོ་བོར་བསྟན་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་སྐོར་དང་གསུམ་དུ་ཡོད་པ་ལས། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་ཤེས་པར་འདོད་ན་ཁོ་བོའི་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་འཇམ་དཔལ་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལོགས་ན་ཡོད་པས་དེར་བལྟའོ། །སྒྱུ་འཕྲུལ་དྲྭ་བ་ལ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། འཇམ་དཔལ་སྒྱུ་འཕྲུལ་