[A:༥༡བ]གསུངས་པས་སོ། །གཉིས་པ་ཁྱད་པར་དུ་འཁོར་ལོ་བདེ་མཆོག་གསུངས་པའི་ཚུལ་ལ། རྩ་བཤད་ཀྱི་རྒྱུད་ཇི་ལྟར་གསུངས་པའི་ཚུལ། རྩ་བཤད་ལ་བརྟེན་པའི་བཤད་སྲོལ་ཇི་ལྟར་བྱུང་བའི་ཚུལ། དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པའི་ལམ་སྲོལ་ངོས་བཟུང་། ཁྱད་པར་དུ་འཕགས་པ་དེའི་ལམ་སྤྱིའི་རྣམ་པར་གཞག་པ། ལམ་དེ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པ་དང་ལྔ་ཡོད་པ་ལས། དང་པོ་ལ་ཡང་རྩ་བའི་རྒྱུད་གསུངས་པའི་ཚུལ། བཤད་པའི་རྒྱུད་གསུངས་པའི་ཚུལ། དེ་དག་བསྡུད་པ་པོས་བསྡུས་ཚུལ་དང་གསུམ་ལས། དང་པོ་ནི། སྤྱིར་འཁོར་ལོ་བདེ་མཆོག་གི་རྒྱུད་རྣམས་གསུངས་ཚུལ་ལ་བཤད་ཚུལ་མང་དུ་ཡོད་དེ། བྷ་ཝ་བྷ་ཊ་དང་། སྐལ་ལྡན་གྲགས་པ་སོགས་སྟོན་པ་འདི་ཐོག་མ་མེད་པའི་དུས་སུ་སངས་རྒྱས་ནས་བདེ་མཆོག་གི་རྒྱུད་རྣམས་གསུངས་ཀྱི། ཕྱིས་ཟས་གཙང་མའི་སྲས་སུ་གྱུར་ནས་གསུངས་པ་མེད་པར་བཞེད། དེའི་རྒྱུ་མཚན་ཡང་བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རྒྱུན་དུ་ཉམས་སུ་བླངས་པས། བསྐལ་པ་ཆགས་འཇིག་གི་ཚེ་ཡང་གཞིག་པར་མི་ནུས་པས་མ་ནུབ་པར་གནས། ཆོས་གཞན་རྣམས་ནི་དང་པོར་གསུངས་ཀྱང་། བསྐལ་པ་ཆགས་འཇིག་སོགས་ཀྱིས་འཇིག་པས་བར་སྐབས་སུ་ནུབ་པའི་ཕྱིར་སླར་ཤཱཀྱ་ཐུབ་པས་བསྐྱར་ནས་གསུངས་པར་བཞེད་དོ། །ཡང་རྩ་རྒྱུད་ཀྱི་འགྲེལ་པ་ཨིནྡྲ་བྷུ་ཏིས་མཛད་པར། འཛམ་གླིང་གནས་སུ་འགྲོ་རྣམས་དོན་གྱི་ཕྱིར། །མངོན་པར་བྱང་ཆུབ་ཚུལ་བསྟན་བདུད་བཏུལ་ནས། །བདེ་བར་