R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]གཤེགས་པའི་འཕྲིན་ལས་སྟོབས་གཟིགས་པས། །དྷ་ནྱ་ཀ་ཊ་པརྠ་རི་ཞེས་གླིང་། །ཆགས་པ་ཟད་བྱེད་ཆོས་ཀྱི་འབྱུང་གནས་ཉིད། །དཀྱིལ་འཁོར་འཁོར་ལོ་དཔའ་བོ་རྣལ་འབྱོར་མ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ལ་སོགས་པ། །དཔག་མེད་འདུས་ལ་གསང་ཆེན་ལེགས་གསུངས་སོ། །ཞེས་སོགས་ཀྱི་ལུང་དྲངས་ནས། དང་པོར་སངས་རྒྱས་པའི་གནས་འོག་མིན་དུ་བདེ་མཆོག་གི་རྒྱུད་རྒྱུན་མི་ཆད་པར་གསུངས། བར་དུ་རི་རབ་ཀྱི་རྩེར་སྤྲུལ་བཤད་མཛད་ནས། ཕྱིས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ། ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་དཔལ་འབྲས་སྤུངས་ཀྱི་རི་ལ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ཏེ། རྣལ་འབྱོར་མ་བྱེ་བ་ཕྲག་བརྒྱད་ཅུ་ལ་བདེ་མཆོག་གི་རྒྱུད་རྣམས་གསུངས་ཤིང་། དྲག་པོ་འཇིགས་བྱེད་འཁོར་བཅས་བཏུལ་བའི་ཚུལ་ཡང་བསྟན་པར་གསུངས་ནས། སླར་ཤཱཀྱ་ཐུབ་པ་ཉིད་ཀྱིས་བཟླས་ཏེ་གསུངས་པར་བཞེད། མཁའ་འགྲོ་རྒྱ་མཚོ་ལས། རྩོད་པའི་དུས་ཀྱི་ས་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །རྣལ་འབྱོར་ཕ་རོལ་སོན་པའོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་འགྲེལ་པར། སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེང་གེས་གསུངས་སོ་ཞེས་གསུངས་པས། དང་པོ་ལོངས་སྐུ་རྒྱུའི་ཧེ་རུ་ཀས་གསུངས་པའི་རྗེས་སུ་སླར་ཡང་བཟླས་ཏེ་གསུངས་