[A:༥༡ན]འདིར་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་མ་བསྟན་གྱི་གོང་རོལ་ཏུ་ལེགས་པར་གསུངས་པ་ཡིན་པར་མཁའ་འགྲོ་རྒྱ་མཚོ་སོགས་ལས་བཤད་དེ་རྒྱས་པར་ལོགས་སུ་འཆད་དོ། །ཁྱད་པར་དུ་སྟོན་པ་འདི་འཛམ་བུའི་གླིང་དུ་སངས་རྒྱས་པའི་ཚུལ་བསྟན་ནས། ཐོག་མར་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གདུལ་བྱ་ཆགས་བྲལ་གྱི་ལམ་གྱིས་འདུལ་བར་མི་ནུས་པ་རྣམས་ཀྱི་དོན་དུ་གནས་འབྲས་སྤུངས་ཀྱི་རི་ལ་སོགས་པར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བསྡུས་པ་འགའ་ཞིག་དང་། གཞན་ཡང་དགེས་རྡོར་གྱི་རྒྱུད་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ཀྱཻ་རྡོ་རྗེའི་རྣམ་པ་ལ་སོགས་པར་བསྒྱུར་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང་། དེ་དང་མཐུན་པར་རྒྱུད་སྡེ་སྤྱི་རྣམ་ལས་འགལ་སྤོངས་དང་བཅས་གསུངས་པའི་དོན་བསྡུས་ནས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། གསང་རྒྱུད་མཐའ་དག་གྲུབ་པའི་གདུལ་བྱ་ལ། །སྤྲུལ་སྐུ་མཆོག་གིས་སྔོན་དུ་གསུངས་ཟིན་ཀྱང་། །དེ་ཉིད་འདུས་དང་བདེ་མཆོག་མ་གཏོགས་པ། །ཕལ་ཆེར་ཤཱཀྱ་ཐུབ་པ་རང་ཉིད་དང་། །དེ་ཡི་རྣམ་འཕྲུལ་གཞན་གྱིས་བསྡུས་ཏེ་གསུངས། །ཞེས་