R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ]པར་བཤད་ལ། སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར། གཉིས་ལྡན་གྱི་དུས་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་ཞིང་། དེའི་ཚེ་གསུངས་པ་ཡིན་པར་བཤད་ཀྱང་། འདིར་ནི་གདུལ་བྱ་དབང་ཕྱུག་ཀྱང་རྩོད་དུས་ཀྱི་མགོ་རྩོམ་པའི་ཚེ་བྱུང་བ་ཡིན་ཞིང་། དེ་དག་ཧེ་རུ་ཀ་འཁོར་བཅས་ཀྱིས་བཏུལ་བའི་རྗེས་སུ་རྒྱུད་གསུངས་པ་ཡིན་པ་ནི་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པ་ཡིན་ལ། རྩོད་དུས་སུ་གསུངས་པའི་རྒྱུ་མཚན་ཡང་། རྡོ་རྗེ་ས་འོག་གི་རྒྱུད་ལས། དུས་ནི་རྣམ་བཞིའི་དབྱེ་བ་ཡིས། །རྒྱུད་སྡེ་རྣམ་པ་བཞིར་གསུངས་སོ། །ཞེས་དུས་རྣམ་པ་བཞིའི་གདུལ་བྱ་ལ་དགོངས་ནས་རྒྱུད་སྡེ་བཞི་གསུངས་པར་བཤད་ཅིང་། རྩོད་པའི་དུས་ཀྱི་གདུལ་བྱ་ལ་བླ་མེད་གསུངས་པའི་རྒྱུ་མཚན་ཡང་། དེ་དུས་ཀྱི་གདུལ་བྱ་རྣམས་ཉོན་མོངས་པ་ཤས་ཆེ་བས་དུག་གསུམ་རགས་པ་རྣམས་བྱང་ཆུབ་ཀྱི་ལམ་མམ་རྩ་ལག་ཏུ་བསྒྱུར་བ་ལ་དགོངས་པ་ཡིན་ཏེ། ཧེ་རུ་ཀ་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་བཟུང་བྱས་ནས། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །དེས་ན་དུས་འཛམ་བུའི་གླིང་གི་དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་བཏུལ་བའི་ཚེ་རི་རབ་ཀྱི་རྩེ་མོར་ལེགས་པར་སྤྲུལ་པའི་དཀྱིལ་འཁོར་གྱི་ནང་དུ་སྟོན་པ་བཅོམ་ལྡན་འདས་འཁོར་བཅས་དཀྱིལ་འཁོར་གྱི་འཁོར་ལོར་འཁོད་པ་ལ། བཤད་པའི་རྒྱུད་ལྟར་ན། དཔལ་ཕྱག་ན་རྡོ་རྗེས་ཚོགས་མཆོད་སྔོན་དུ་བཏང་ནས། རྩ་བའི་རྒྱུད་རྣམས་གསུང་བར་གསོལ་བ་བཏབ་པས། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་རྩེར། སྟོན་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་