R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན]འཁོར་ལོ་བདེ་མཆོག་འབྲས་བུའི་ཧེ་རུ་ཀས། འཁོར་གདུལ་བྱ་དྲག་པོ་འཇིགས་བྱེད་འཁོར་བཅས་དཀྱིལ་འཁོར་ལ་བཀོད་དེ། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་དང་། གཞན་ཡང་རི་རབ་ཀྱི་རྡུལ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། སྐལ་བ་དང་ལྡན་པའི་ལྷ་དང་མི་སོགས་དང་། ཞུ་བ་པོ་དང་བསྡུད་པ་པོའི་འཁོར་ཕག་མོའམ། ཕྱག་རྡོར་ལ་སོགས་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་རྒྱས་འབྲིང་བསྡུས་པ་གསུམ་གསུངས་པ་ཡིན་ཞིང་། ཡང་ཕྱག་རྡོར་སྟོད་འགྲེལ་སོགས་ལས། གོང་དུ་བསྟན་པའི་འཁོར་དེ་དག་ལ། ཞུ་བ་པོ་རྡོ་རྗེ་ཕག་མོས་བྱས་ཏེ། བདེ་མཆོག་གི་རྒྱུད་རྣམས་གསུངས་པ་ཡིན་པར་ཡང་བཤད་དེ། ཕྱག་རྡོར་སྟོད་འགྲེལ་ལས། སྙིགས་མ་ལྔ་ཡི་དུས་འདིར་ནི། །བསོད་ནམས་ཡེ་ཤེས་འབྲས་ཐོབ་ཕྱིར། །ཕག་མོས་གསོལ་བཏབ་རྡོ་རྗེ་ཅན། །ཉུང་ངུའི་རྒྱུད་ནི་རབ་གསལ་མཛད། །ཅེས་དང་། ཧེ་རུ་ཀ་མངོན་འབྱུང་ལས། དེ་ནས་དཔའ་བོ་ཕྱག་རྡོར་སོགས། །དཔའ་བོ་ཐམས་ཅད་ལངས་ནས་ནི། །དཀྱིལ་འཁོར་བདག་མོ་ལ་ནི་ཞུས། །ཞེས་ཡུམ་ངོ་ཆེན་དུ་སྦྲན་ཏེ་རྒྱུད་གསུང་བར་གསོལ་བ་བཏབ་པར་བཤད་པས་སོ། །འགའ་ཞིག་ཏུ་ཕག་མོ་རྒྱུད་གསུངས་པ་པོ་དང་། རྡོ་རྗེ་འཆང་ཞུ་བར་པོར་བཤད་པ་འབྱུང་ཡང་། གདུལ་བྱ་སོ་སོའི་སྣང་ངོ་ཡིན་པས་འགལ་བ་མེད་པར་བུ་སྟོན་རིན་པོ་ཆེས་གསུངས་སོ། །དེས་ན་གོང་དུ་བསྟན་པ་ལྟར། སྐལ་ལྡན་གྲགས་པ་སོགས་ཀྱིས་བདེ་མཆོག་གི་རྒྱུད་རྣམས་སྟོན་པ་འདིས་སླར་བཟླས་ཏེ་མ་གསུངས་པར་བཤད་པ་དང་། མཁའ་འགྲོ་རྒྱ་