R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣བ
[A:༥༣བ]མཚོ་ལས། རྩོད་པའི་དུས་ཀྱི་ས་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཞེས་རྩོད་དུས་སུ་བཟླས་ཏེ་གསུངས་པ་གཉིས་འགལ་བ་ལྟར་སྣང་ཡང་། དོན་ལ་དེ་དག་མི་འགལ་ཏེ། སྔ་མ་ནི་སྟོན་པ་འདིས་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་མཛད་པའི་རྗེས་སུ་བདེ་མཆོག་གི་རྒྱུད་བཟླས་ཏེ་མ་གསུངས་པ་ལ་དགོངས་ལ། ཕྱི་མ་ནི་རྩོད་དུས་སུ་ཡིན་ཀྱང་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་མ་བསྟན་པའི་སྔ་རོལ་ཏུ་གསུངས་པ་ལ་དགོངས་པ་ཡིན་པས་སོ། །མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་རྗེས་སུ་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་གསང་སྔགས་ཀྱི་རྒྱུད་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པ་ཡང་མང་དུ་ཡོད་པ་དང་། གསང་འདུས་སོགས་འགའ་ཞིག་ཐུབ་དབང་གི་རྣམ་འཕྲུལ་གཞན་གྱིས་གསུངས་པ་སོགས་ཡོད་ཀྱང་། དེ་ཉིད་འདུས་པའི་རྒྱུད་དང་། བདེ་མཆོག་གི་རྒྱུད་རྣམས་ནི་དེ་དུས་སུ་བཟླས་ཏེ་མ་གསུངས་པར་རྗེ་བཙུན་རྩེ་མོས་བཤད་དེ། དེས་མཛད་པའི་སྤྱི་རྣམ་ལས། ཕྱི་མ་བཟླས་ཏེ་མ་གསུངས་པའང་ཡོད་དེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཐོག་མར་གསུངས་ནས་དེའི་རྒྱུད་རྫོགས་པའི་རྗེས་ལ། མིའི་ནང་དུ་བབས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་འཛམ་བུའི་གླིང་དུ་གཤེགས་པ་ལ་སོགས་པ་མཛད་པར་བསྟན་པ་ལྟ་བུའོ། །དཔལ་བདེ་མཆོག་གི་རྒྱུད་ཀྱང་ཕྱིས་བཟླས་ཏེ་མ་གསུངས་པའོ། །ཞེས་སློབ་དཔོན་སྐལ་ལྡན་གྲགས་པ་བཞེད་དེ། དཔལ་བདེ་མཆོག་རྩ་བའི་རྒྱུད་ཀྱི་འགྲེལ་པ་ལས། ཆོས་ཀྱི་རྣམ་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་སྔ་བ་ཉིད་དུ་གསུངས་སོ། །ཞེས་