[A:༥༤ན]འདྲེན་པར་མཛད་ནས། དེའི་མཇུག་ཏུ་ཞེས་བཤད་པ་ལྟ་བུའོ། །ཞེས་སྐལ་ལྡན་གྲགས་པའི་བཞེད་པ་རང་ལུགས་སུ་མཛད་པ་དང་། དེ་དག་གི་དོན་བསྡུས་ནས་ཚུལ་གསུམ་གསལ་རྒྱན་ལས་ཀྱང་། དེ་ཉིད་འདུས་དང་བདེ་མཆོག་མ་གཏོགས་པ། །ཞེས་གསུངས་པས་སོ། །གལ་ཏེ་ཤཱཀྱ་ཐུབ་པས་འཛམ་གླིང་དུ་མཛད་པ་བཅུ་གཉིས་སོགས་ཀྱི་ཚུལ་སྟོན་པའི་གོང་དུ་རྒྱུད་གསུངས་པ་ལ་དགོངས་པ་ཡིན་ན། འོ་ན་མཁའ་འགྲོ་རྒྱ་མཚོ་ལས། ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །ཅེས་པ་དང་། རྒྱུད་དེའི་འགྲེལ་པར་ཡང་། སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེང་གེས་གསུངས་སོ། །ཞེས་ཤཱཀྱ་ཐུབ་པའི་མཚན་འབྱུང་བ་ཅི་ཞེ་ན། དེ་ནི་རི་རབ་ཀྱི་རྩེ་མོར་རྒྱུད་གསུངས་པ་པོ་དེ་དང་ཤཱཀྱ་ཐུབ་པ་གཉིས་རྒྱུད་གཅིག་པ་ལ་དགོངས་པ་ཡིན་ཏེ། དེ་ལྟར་དུ་རྒྱུད་སྡེ་སྤྱི་རྣམ་དུ་གསུངས་ཤིང་། དེའི་དོན་བསྡུས་ནས་ཚུལ་གསུམ་གསལ་རྒྱན་ལས། འོན་ཀྱང་སྟོན་པའི་ཡེ་ཤེས་གཅིག་ཡིན་ཕྱིར། །ཤཱཀྱའི་མཚན་སོགས་འབྱུང་བ་འགལ་བ་མེད། །ཅེས་གསུངས་པས་སོ། །དེ་ལྟ་བུའི་རྩ་རྒྱུད་སོགས་དེ་དག་གི་གཞུང་ཚད་ཀྱང་། རྒྱས་པ་ལེའུ་འབུམ་པ། འབྲིང་ཤླཽ་ཀ་འབུམ་པ། བསྡུས་པ་ཚིག་འབུམ་པ་ཞེས་གྲུབ་ཆེན་ན་རོ་ཏ་པའི་མན་ངག་གི་ལུགས་འདི་ལ་འབྱུང་བ་ཡིན་ཞིང་། སློབ་དཔོན་རྡོ་རྗེ་ཞེས་བྱ་བའི་འགྲེལ་པར། རྩ་བའི་རྒྱུད་ལེའུ་འབུམ་པ། རྒྱུད་ཕྱི་མ་ནམ་མཁའ་དང་མཉམ་པ་ཤླཽ་ཀ་འབུམ་པ། ཕྱི་མའི་ཕྱི་མ་ལེའུ་ལྔ་བཅུ་རྩ་གཅིག་ཤླཽ་ཀ་བདུན་བརྒྱ་པའོ་ཞེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །དེ་དག་རྒྱས་བསྡུས་ཀྱང་རྗོད་བྱེད་ཀྱི་ཚིག་རྒྱ་ཆེ་ཆུང་