R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤བ
[A:༥༤བ]གི་སྒོ་ནས་འཇོག་གི བརྗོད་བྱ་རྒྱས་བསྡུས་ཀྱི་སྒོ་ནས་ནི་མ་ཡིན་ཏེ། རྒྱུད་རྒྱས་པ་རྣམས་ཀྱི་བརྗོད་བྱ་ཡང་བསྡུས་པའི་ནང་དུ་ཚང་བར་བཞུགས་པས་སོ། །འོ་ན་དེ་རྣམས་ལ་རྩ་རྒྱུད་ཅེས་གསུངས་པའི་རྒྱུ་མཚན་གང་ཡིན་སྙམ་ན། རྒྱུད་སྡེ་སྤྱི་རྣམ་གྱི་དོན་བསྡུས་ཚུལ་གསུམ་གསལ་རྒྱན་ལས། རྒྱུད་གང་སྔོན་བྱུང་བཤད་གཞི་རྩ་རྒྱུད་དེ། །ཕྱིས་བྱུང་འཆད་བྱེད་རྒྱུད་རྣམས་བཤད་རྒྱུད་ཡིན། །ཞེས་གསུངས་པ་ལྟར། དང་པོར་བྱུང་ཞིང་བཤད་པའི་གཞིར་གྱུར་པའི་རྒྱུད་ཡིན་པས་ན་རྩ་རྒྱུད་ཅེས་བྱ་ལ། དེ་ལ་ཡང་རྩ་རྒྱུད་དུ་མི་མཐུན་ཀྱང་དོན་གྱི་འཇོག་ཚུལ་མི་འདྲ་བ་བཞིའི་སྒོ་ནས་རྣམ་པ་བཞིར་གསུངས་ཏེ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །ཞེས་པ་ལྟར། རྒྱུད་ཕྱི་མ་ཤླཽ་ཀ་འབུམ་པ་དང་། ཕྱི་མའི་ཕྱི་མ་ཚིག་འབུམ་པ་སོགས་འབྱུང་བའི་གཞིར་གྱུར་པའི་རྩ་རྒྱུད་ནི་ལེའུ་འབུམ་པ་ལྟ་བུ་སྟེ། རྒྱུད་ཕྱི་མ་ལ་ལྟོས་པའི་རྩ་རྒྱུད་དང་། ཡན་ལག་གི་རྒྱུད་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ཀྱི་རྟེན་ནམ་གཞིར་གྱུར་པ། རྩ་རྒྱུད་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ཡན་ལག་གི་རྒྱུད་ལ་ལྟོས་པའི་རྩ་རྒྱུད་དང་། ཡང་བདེ་མཆོག་གི་བཤད་རྒྱུད་དུ་འགྲོ་བ་ཙམ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཡོད་པར་གསུངས་པ་རྣམས་ཀྱིས་དགོངས་པ་ངེས་པར་འགྲེལ་པའི་གཞིར་གྱུར་པ་རྩ་རྒྱུད་གསུམ་ག་ལྟ་བུ་སྟེ། བཤད་རྒྱུད་ལ་ལྟོས་པའི་རྩ་རྒྱུད་དང་། ཐོག་མར་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་དོན་གསལ་ཞིང་ཚིག་རྒྱས་པ། བསྡུས་རྒྱུད་བསྡུས་པའི་གཞིར་གྱུར་པ། ལེའུ་འབུམ་པ་དང་། ཤླཽ་ཀ་འབུམ་པ་གཉིས་ལྟ་བུ་བསྡུས་རྒྱུད་ལ་ལྟོས་པའི་རྩ་རྒྱུད་དང་རྣམ་པ་བཞིར་གསུངས་པ་ཡིན་ནོ། །དེ་ལྟར་གསུངས་པའི་རྩ་རྒྱུད་དང་པོ་གཉིས་