R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན]ནི་དེ་དུས་ཀྱི་འཁོར་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་། སྙིགས་མའི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་སྒྲ་ནམ་མཁའ་ལ་དེངས་ཞེས་ཀྱང་བཤད་ཅིང་། གླེགས་བམ་དུ་བྲིས་ཏེ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་རྣམས་ཀྱིས་སྤྱན་དྲངས་ཞེས་ཀྱང་འབྱུང་བས། ད་ལྟ་མི་ཡུལ་ན་དངོས་སུ་མི་བཞུགས་པར་བཤད་ལ། དེ་གཉིས་སྙིགས་མའི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་རྒྱུ་མཚན་ཡང་སྙིགས་དུས་ཀྱི་གདུལ་བྱ་རྣམས་ཚེ་ཐུང་བ་སོགས་དང་། རྒྱུད་དེ་གཉིས་རྗོད་བྱེད་ཚིག་གི་ཚོགས་ཤིན་ཏུ་རྒྱ་ཆེ་བས་ཚེ་དེ་ལ་ཐོས་བསམ་མི་རྫོགས་ཤིང་། བསྒོམ་པའི་ཉམས་ལེན་མི་ནུས་པས་ན་མི་སྣང་བར་བྱིན་གྱིས་བརླབས་པ་ཡིན་ཏེ། ཤནྟི་པ་ཆེན་པོའི་གསུང་ལས། དེ་བས་ན་བསམ་གཏན་གྱི་རོ་མ་མྱང་བར་ཐོས་པ་དང་བསམ་པའི་ཤེས་རབ་ཙམ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པའི་ཆེད་དུ་གཞུང་རྒྱས་པ་མི་སྣང་བར་བྱིན་གྱིས་བརླབས་པའོ། །ཞེས་གསུངས་པས་སོ། །གཉིས་པ་བཤད་པའི་རྒྱུད་གསུངས་པའི་ཚུལ་ནི། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པར། གསང་སྔགས་རྒྱུད་དོན་ཤིན་ཏུ་རྟོགས་དཀའ་བས། །བཤད་རྒྱུད་ཆ་མཐུན་སོགས་ཀྱིས་བསྒྲུབ་པར་བྱ། །ཞེས་དང་། པདྨ་ལྕགས་ཀྱུས། རྩ་རྒྱུད་ཤིན་ཏུ་ཟབ་ཅིང་རྟོགས་དཀའ་བས། །བཤད་རྒྱུད་ཆ་མཐུན་རྒྱུད་ཀྱིས་གསལ་བར་བྱ། །ཞེས་རྩ་རྒྱུད་ཀྱི་དགོངས་པ་བཤད་རྒྱུད་ཀྱིས་བཀྲལ་དགོས་པར་གསུངས་ཤིང་། རྩ་རྒྱུད་འདི་ཉིད་ལས་ཀྱང་། དཔའ་བོ་འདི་ཡི་སྐད་དུ་ནི། །ང་ཡི་རྒྱུད་རྣམས་སྦས་པ་ཡིན། །ཞེས་ལམ་དང་འབྲས་བུའི་གསང་བ་ཟབ་མོ་