R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ]རྣམས་དཔའ་བོ་དང་། དཔའ་མོའི་བརྡས་བཅིངས་ཤིང་སྦས་ནས་ཡོད་པ། གཞན་གང་གིས་ཀྱང་དཔག་པར་དཀའ་བ་རྣམས། གསང་དོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་ཞལ་ནས་ཞལ། སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཟབ་མོ་དང་། བཤད་རྒྱུད་ལ་བརྟེན་པའི་ཡོ་ག་སམ་བྷ་རའི་དགོངས་པ་རྟོགས་དགོས་པར་གཟིགས་ནས། དཔལ་ཕྱག་ན་རྡོ་རྗེས། ཚོགས་མཆོད་སྔོན་དུ་འགྲོ་བའི་སྒོ་ནས་བཤད་རྒྱུད་རྣམས་གསུང་བར་གསོལ་བ་བཏབ་བོ། །གནས་དང་། དུས་དང་། འཁོར་སོགས་རྩ་རྒྱུད་དང་འདྲ་བ་ལ། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོས་བཤད་རྒྱུད་རྣམས་གསུངས་པ་ཡིན་ཏེ། དེ་ལྟར་གསུངས་པའི་བཤད་རྒྱུད་ལ་གསང་མཐའི་ལུགས་ལ་བཤད་རྒྱུད་རྩོད་མེད་དུ་བཞེད་པ་ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། ཧེ་རུ་ཀ་མངོན་འབྱུང་། སམྦུ་ཊི་སྟེ་ལྔ་དང་། གཞན་ཡང་མཁའ་འགྲོ་རྒྱ་མཚོ། སྡོམ་འབྱུང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་སོགས་སྤྱིར་གྱི་བཤད་རྒྱུད་མང་དུ་ཡོད་པ་ལས། བཤད་རྒྱུད་ཅེས་པ་ཡང་རྩ་རྒྱུད་ཀྱི་ཕྱིས་སུ་བྱུང་ཞིང་འཆད་བྱེད་ཡིན་པས་ན་བཤད་རྒྱུད་ཅེས་བྱ་ཞིང་། བཤད་རྒྱུད་དུ་འགྲོ་ཚུལ་ཡང་། མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། ཚུལ་མི་འདྲ་བ་ཆ་མཐུན་པས་ངེས་ཤེས་བསྐྱེད་པ། དོན་བསྡུ་བ། ཚིག་རྣམ་པར་འབྱེད་པ། དོན་རྣམ་པར་འབྱེད་པ་དང་། བཤད་རྒྱུད་དུ་འགྲོ་བའི་ཚུལ་བདུན་ནམ། ཡང་ཚིག་དོན་རྣམ་པར་འབྱེད་པ་སྟེ་ཕྱི་མ་གཉིས་གཅིག་ཏུ་བྱས་ནས་དྲུག་ཏུ་སློབ་དཔོན་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་ལས་གསུངས་པའི་འཇོག་བྱེད་དེ་དག་