R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦ན
[A:༥༦ན]རེ་རེ་ཙམ་གྱིས་བཤད་རྒྱུད་དུ་མི་འགྱུར་ཞིང་། དེ་དག་ཕལ་ཆེར་ཚང་ན་བཤད་རྒྱུད་དུ་འགྱུར་བར་བཤད་པ་ལྟར། རྩ་རྒྱུད་དུ། ཞལ་བཞི་པ་ལ་ཕྱག་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་བཅོམ་ལྡན་འདས་གཙོ་འཁོར་རྣམས་ཀྱི་མཚན་ཙམ་མ་གཏོགས་ཞལ་ཕྱག་སོགས་གསལ་བར་མ་གསུངས་པ་ལ། དེ་དག་གསལ་བར་སྟོན་པའི་བཤད་རྒྱུད་མངོན་བརྗོད་བླ་མའམ། ཨ་བྷི་དྷ་ན་དང་པོར་གསུངས་ཤིང་། འདི་ལ་གླེང་གཞི་ཡང་ཡོད་པར་བཤད་ལ། རྒྱུད་འདི་ནས་དཀྱིལ་འཁོར་སུམ་ཅུ་སོ་བརྒྱད་གསུངས་ཤིང་། དེ་ཡང་གཙོ་བོ་འཕོ་བ། ཡབ་སྦས་པ་དང་། ཡུམ་སྦས་པ། རིགས་བསྡུས་པ་སོགས་ཀྱི་ཚེ་དཀྱིལ་འཁོར་དྲུག་བརྒྱ་དང་བདུན་ཅུ་རྩ་གཅིག་གི་བསྐྱེད་རིམ་མི་གསལ་བ་ཡང་གསལ་བར་བྱེད། སྦྱང་གཞི་སྐྱེ་གནས་བཞི་སྦྱོང་བའི་བསྐྱེད་ཆོག་མི་འདྲ་བ་རྣམས་ཀྱང་གསལ་བར་བྱེད་ཅིང་། གཞུང་ཚད་ལེའུ་བརྒྱད་ཅུ་རྩ་དགུ་པ་འདིས་རྩ་རྒྱུད་ཀྱི་དོན་ཕལ་ཆེར་གཏན་ལ་ཕབ་པར་བཤད། གཞན་ཡང་། རྩ་རྒྱུད་དུ། ལས་ཆེན་བཅུ་གཉིས་འདི་དག་ནི། །རྟག་ཏུ་བསྒྲུབ་པ་པོས་ཡི་བསྒྲུབ། །ཅེས་ལས་ཚོགས་ཀྱི་རྐང་གྲངས་ཙམ་གསུངས་པ་ལ། རྡོ་རྗེ་མཁའ་འགྲོ་ལས། རྫས་དང་། སྔགས་དང་། ཏིང་ངེ་འཛིན་དང་། འཁྲུལ་འཁོར་གྱི་སྒོ་ནས་ལས་ཚོགས་རྒྱས་པར་བསྟན་པས་ན་རྒྱུད་འདི་ནི་མ་ཚང་བ་ཁ་སྐོང་བའི་བཤད་རྒྱུད་དོ། །ཡང་རྩ་རྒྱུད་དུ། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་དེ་ཉིད་བཅུ་བཞིའི་ཉམས་ལེན་བསྡུས་ནས་སྟོན་པ་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ནི། དོན་བསྡུས་པའི་སྒོ་ནས་བཤད་རྒྱུད་དུ་འཇོག་པ་ཡིན་ལ།