[A:༥༦བ] འདི་ཡོངས་སུ་རྫོགས་པ་ལ་རྟོག་པ་དྲུག་ཅུ་རྩ་བཞི་ཡོད་པར་བཤད་ཅིང་། རྟོག་པ་རེ་རེ་ལ་ཡང་ལེའུ་བཅུ་བདུན་བཅུ་བདུན་ཡོད་པའི་ད་ལྟའི་འདི་ཉེར་ལྔ་པ་འཁོར་ལོ་འབྱུང་བའི་རྟོག་པ་ཞེས་བྱ་བ་ཡིན་ནོ། །ཧེ་རུ་ཀ་མངོན་འབྱུང་ནི། རྡོ་རྗེ་ཕག་མོའི་རྩ་སྔགས་བཏུ་བ་དང་། གཞན་ཡང་རྩ་སྔགས་དང་། སྙིང་པོ་སོགས་ལ་བརྟེན་པའི་ལས་ཚོགས་རྣམས་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱས་པར་བཤད་པས་བཤད་རྒྱུད་དུ་འགྲོ་བར་བཤད་ཅིང་། འདི་ལ་ལེའུ་ཞེ་ལྔ། དཀྱིལ་འཁོར་གསུམ་བསྟན་པར་བཤད་ལ། དཔལ་སམྦུ་ཊི་ནི། གླེང་གཞིའི་ཡི་གེ་རེ་རེའི་དོན་ནང་རྡོ་རྗེའི་ལུས་ལ་སྦས་དོན་དུ་བཤད་ཅིང་། བརྟག་པ་དྲུག་པའི་རབ་བྱེད་བཞི་པ་ལས་གཏུམ་མོ་དཔྱིད་ཐིག་བསྟན། དེ་ཁོ་ན་ཉིད་སྡོམ་པའི་ལེའུ་ལས་ཕྱག་རྒྱ་ཆེན་པོ་གསལ་བར་བསྟན་པས་ན་རྩ་རྒྱུད་ཉུང་ངུ་འདིའི་བཤད་རྒྱུད་དུ་འཇོག་པ་ཡིན་པར་གསུངས་སོ། །གཞན་ཡང་མཁའ་འགྲོ་རྒྱ་མཚོ་དང་། སྡོམ་འབྱུང་དང་། རྣལ་འབྱོར་མ་ཁ་སྦྱོར་གྱི་རྒྱུད་རྣམས་ཀྱང་བདེ་མཆོག་རྩ་བའི་རྒྱུད་འདིའི་བཤད་རྒྱུད་ཡིན་ཞིང་། ཕྱི་མ་འདིར་རྣལ་འབྱོར་མ་ཉི་ཤུ་རྩ་བདུན་དུ་བསྡུས་ནས། དེའི་སྒྲུབ་ཐབས་དང་། དཀྱིལ་འཁོར་གཅིག་ཀྱང་བསྟན་ཏོ། །བུ་སྟོན་རིན་པོ་ཆེས་འདི་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པའི་སྒོས་ཀྱི་བཤད་རྒྱུད་ཡིན་པར་ཡང་གསུངས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རྒྱུན་འགའ་ཞིག་ལས། རྒྱུད་འདི་མ་རྒྱུད་ཡིན། དེའི་ནང་ནས་བདེ་ཀྱེ་གཉིས་གང་གི་རྒྱུད་ཡིན་དཔྱད་པའི་གཞིར་སྣང་གསུངས་པ་ཡང་འབྱུང་ལ། ཡང་སྡོམ་འབྱུང་ནི་འགྲེལ་པར། བསྡུས་རྒྱུད་ཀྱང་ཡིན། རྒྱུད་ཕྱི་མ་ཡང་