R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན]ཤོག་གྲངས་འདིའི་མདུན་མེད་ལ་རྒྱབ་གཉིས་འདུག་པས་ཞིབ་དཔྱོད་གནས་རོགས་ཡིན། བཤད་རྒྱུད་ཀྱང་ཡིན་པར་བཤད་ཅིང་། ཕག་མོ་དངོས་གྲུབ་འབྱུང་བ་ནི། ཨ་བྷི་དྷ་ནའི་ལེའུ་བཅུ་གསུམ་པ་ཟུར་དུ་ཕྱུང་བའམ། དེ་དང་དོན་འདྲ་བ་ཞིག་ཡོད་པར་བཤད། རྒྱུད་འདི་ནས་ཕག་མོ་ཞལ་བཞི་ཕྱག་བཅུ་གཉིས་མའི་གཙོ་བོ་བྱས་པའི་ལྷ་སོ་བདུན་པ་ཐམས་ཅད་ཕྱེད་གཟུགས་སུ་བྱས་པའི་དཀྱིལ་འཁོར་ཞིག་བསྟན་པར་བཤད་དོ། །གཞན་ཡང་སྒྱུ་མ་བདེ་མཆོག་དང་། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་རྣམས་ཀྱང་སྤྱིར་བདེ་མཆོག་གི་རྒྱུད་ཡིན་པར་འགའ་ཞིག་ལས་བཤད་ལ། མ་ཧཱ་ནམ་མཁའ་དང་མཉམ་པ་ཆེ་ཆུང་གཉིས་དང་། ར་ལི་ནམ་མཁའ་དང་མཉམ་པ་སྟེ་གསུམ་པོ་འདི་དག་ནི། འགྱུར་བྱང་དུ་ག་ཡ་དྷ་ར་དང་། འབྲོག་མི་ལོ་ཙ་བས་བསྒྱུར་ཟེར་བའི་དཔེ་འགའ་ཞིག་སྣང་ཡང་། དོན་ལ་བརྫུས་མར་བཞེད། དེའི་རྒྱུ་མཚན་ཡང་། དེ་ཉིད་ལས། འཁོར་བའི་ཆོས་ནི་དགེ་བ་སྟེ། །དེ་ལས་ལངས་པ་དགེ་སློང་ཡིན། །ཞེས་པ་དང་། དུར་ཁྲོད་ལ། དུར་ཞེས་པ་ཆོས་ཉིད། ཁྲོད་ཅེས་པ་དེ་རྟོགས་པའི་ཡེ་ཤེས་ལ་བཤད་པ་སོགས་མདོ་རྒྱུད་གང་ནས་མ་བཤད་པའི་ནོར་བ་ཡོད་པའི་རྒྱུ་མཚན་གྱིས་རྒྱུད་རྣམ་དག་མ་ཡིན། གཉོས་ལོ་ཙ་བས་བཟོས་པར་མཁས་པ་རྣམས་གསུངས་སོ། །དེ་ལྟར་བདེ་མཆོག་གི་རྒྱུད་མང་དུ་བཤད་པ་དེ་དག་བསྡུ་ན་རྩ་རྒྱུད་བཤད་རྒྱུད་གཉིས་སུ་འདུ་བར་ཁ་ཅིག་བཞེད། འགའ་ཞིག་དེ་གཉིས་ཀྱི་སྟེང་དུ་ཆ་མཐུན་གྱི་རྒྱུད་དང་གསུམ་དུ་འདུ་བར་འདོད་ལ། ར་ལུགས་ནི་རྩ་རྒྱུད་དང་། བཤད་རྒྱུད། ཡན་ལག་གི་རྒྱུད་དང་གསུམ་དུ་དབྱེ་བ་དང་། བསྡུ་ན་དེ་གསུམ་དུ་འདུ་བར་ཡང་བཞེད་དེ། སློབ་དཔོན་ཨ་ལང་ཀ་ལས་རྡོ་རྗེ་ཕྲེང་བའི་འགྲེལ་པར། རྩ་བའི་རྒྱུད། བཤད་པའི་རྒྱུད། ཡན་ལག་གི་རྒྱུད་དང་གསུམ་དུ་བཤད་པ་དང་མཐུན་པར་བླ་མ་གོང་མ་དག་བཞེད་པས་སོ། །དེས་ན་རྩ་བའི་རྒྱུད་རྒྱས་འབྲིང་བསྡུས་གསུམ། བཤད་པའི་རྒྱུད་སུམ་ཅུ་སོ་གཉིས། ཡན་ལག་གི་རྒྱུད་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་པ་ཡིན་ནོ། །དེ་ལྟར་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་ཀྱི་རྣམ་གྲངས་འདི་ལ། བུ་སྟོན་རིན་པོ་ཆེས། དེ་ལ་མི་ཐུབ་ཟླ་བས། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང་། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱོར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །ཞེས་གསུངས་ཤིང་། ཇོ་བོ་རྗེས་ཀྱང་བཤད་རྒྱུད་བཞི་རུ་བཞེད་ལ། ན་རོ་པས་ཧེ་རུ་ཀ་མངོན་འབྱུང་དང་ལྔར་བཞེད། དེའི་སློབ་མ་དྷ་རི་པ་ཞེས་པས་མཁའ་འགྲོ་རྒྱ་མཚོ་དང་། རྣལ་འབྱོར་མ་བཞི་ཁ་སྦྱོར་བ་གཉིས་བསྣན་ནས་བདུན་དུ་བཞེད་དོ་ཞེས་གྲགས་ལ། སྡོམ་འབྱུང་། འགྲེལ་པར་བསྡུས་རྒྱུད་ཀྱང་ཡིན། རྒྱུད་ཕྱི་མ་ཡང་ཡིན། ཡང་རྒྱུད་ཀྱང་ཡིན་པར་བཤད་ལ། ཕག་མོ་དངོས་གྲུབ་འབྱུང་བ་རྒྱུད་ཉིད་ལས་བཤད་རྒྱུད་དུ་བཤད་དེ། དེ་ལྟར་དགུར་འགྱུར་རོ་ཞེས་གསུངས་ནས། མི་ཐུབ་ཟླ་བ་དང་། ཇོ་བོ་རྗེ་བཤད་རྒྱུད་བཞི། ན་རོ་པ་ལྔ། དེའི་སློབ་མ་དྷཱ་རི་པ་བདུན་དུ་བཞེད་པ་དེ་དག་ཀྱང་ཞལ་གྱིས་བཞེས། དེ་དག་གི་སྟེང་དུ་སྡོམ་འབྱུང་དང་། ཕག་མོ་དངོས་གྲུབ་འབྱུང་བ་དང་དགུར་བཞེད། དེ་ལ་རང་ཕྱོགས་