R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན]ཀྱི་མཁས་པ་རྣམས་ཀྱིས་གནོད་བྱེད་ཀྱི་ལུང་རིགས་མང་དུ་འགོད་པར་མཛད་ནས། རང་ལུགས་མི་ཐུབ་ཟླ་བས། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང་། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔར་འདོད་དོ། །ཞེས་གསུངས་པས། ཧེ་རུ་ཀ་མངོན་འབྱུང་། མཁའ་འགྲོ། རྣལ་འབྱོར་མ་ཀུན་སྤྱོད། སམྦུ་ཊིའམ། ཀུན་ཏུ་ཁ་སྦྱོར། མངོན་བརྗོད་བླ་མའམ། ཨ་བྷི་དྷ་ན་དང་ལྔ་པོ་བཤད་རྒྱུད་རྣམ་པར་དག་པ་དང་། གཞན་རྣམས་བཤད་རྒྱུད་མིན་པ་ལྟ་བུ་ཞིག་གསུངས། ཡང་འགའ་ཞིག་ཏུ་གསང་མཐའི་བཤད་རྒྱུད་ལ་ལྔ་པོ་དེར་ངེས་ཀྱང་། སྤྱིར་བདེ་མཆོག་གི་བཤད་རྒྱུད་ལ་མང་དུ་ཡོད་པར་བཤད་པ་ཡང་འབྱུང་ལ། ཡང་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་འཁོར་ལོ་བདེ་མཆོག་གི་དྲི་བར། བདེ་མཆོག་རྩ་བའི་རྒྱུད་ལ་རྒྱུད་གཞན་གྱི། །འགྲེལ་ཚུལ་རྣམ་བཞིར་བཞེད་ན་མཉམ་སྦྱོར་དང་། །སྡོམ་འབྱུང་མཁའ་འགྲོ་རྒྱ་མཚོ་རྩ་རྒྱུད་ཀྱི། །གང་གི་ཐད་དུ་དགོངས་པ་ཇི་ལྟར་འགྲེལ། །འདི་གསུམ་བདེ་མཆོག་རྩ་བའི་བཤད་རྒྱུད་དུ། །འཇོག་ན་འཇོག་བྱེད་ཆོས་རྣམས་ཚང་ངམ་ཅི། །འོན་ཏེ་ཕན་འདོགས་ཙམ་གྱི་རྒྱུད་ཡིན་ན། །དེ་ལ་ཕན་ནི་འདོགས་ཚུལ་ཇི་ལྟར་ཡིན། །ཞེས་དྲི་བའི་གསུང་བཀོད་ནས། དེའི་རང་ལན་དུ། ལན་དངོས་ནི་བདེ་མཆོག་སྡོམ་འབྱུང་དང་། མཁའ་འགྲོ་རྒྱ་མཚོ་གཉིས་ནི་བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་འདིའི་བཤད་རྒྱུད་ཡིན་ཏེ། བདག་ཉིད་ཆེན་པོ་ས་པཎ་གྱི་ཆག་ལོ་ཙ་བ་ལ་གནང་བའི་དྲིས་