R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ]ལན་ལས། བདེ་མཆོག་ཉུང་ངུ་བཤད་པའི་རྒྱུད། །མཁའ་འགྲོ་རྒྱ་མཚོ་ལ་སོགས་བདུན། །ཞེས་གསུངས་པས་གྲུབ་ཅིང་། ན་རོ་པའི་སློབ་མ་རྒྱ་གར་དྷ་རི་ཀ་པ་ཡང་། སློབ་དཔོན་སྐར་རྒྱལ་ཟླ་བས་གསུངས་པའི་བཤད་རྒྱུད་ལྔ་པོ་དེའི་སྟེང་དུ་རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ་དང་། མཁའ་འགྲོ་རྒྱ་མཚོ་དང་གཉིས་བསྣན་པས་ན་རོ་པ་ལ་བཤད་བཀའ་བཞུགས་པའི་བཤད་རྒྱུད་བདུན་དུ་བཞེད་ཅིང་། སྡོམ་འབྱུང་ནི་ན་རོ་པ་ལ་བཤད་བཀའ་མི་བཞུགས་པ་ཡིན་ནོ་ཞེས་བཞེད་པས་སོ། །ཞེས་སོགས་དང་། འོ་ན་སངས་རྒྱས་མཉམ་སྦྱོར་སོགས་གང་ཡིན་སྙམ་ན། འདི་ནི་མ་རྒྱུད་སྤྱི་ཙམ་པ་ཡིན་ཏེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བཅུ་གསུམ་པ་ལས། བཅོམ་ལྡན་འདས་ཇི་ལྟར་ན་རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ཅེས་ཇི་ལྟར་དཔྱད་པར་བགྱི། ཞེས་ཞུས་པའི་ལན་བཀའ་སྩལ་པའི་རྗེས་ཐོགས་སུ། དགའ་མཛེས་མཁའ་འགྲོ་བདེ་བའི་མཚོ། །མཁའ་དང་གསེར་གྱི་ཆར་པ་དང་། །ཞེས་པ་ནས། རྣལ་འབྱོར་མ་རྒྱུད་དྲུག་ཏུ་གྲགས། །ཞེས་པའི་བར་ཚིག་རྐང་དགུས་མ་རྒྱུད་ལ་དབྱེ་བ་བརྒྱད་དང་། ཡང་དྲུག་སྟེ་བཅུ་བཞིར་བསྟན། དེའི་དང་པོ་དགའ་མཛེས་མཁའ་འགྲོ་ནི་སངས་རྒྱས་མཉམ་སྦྱོར་ཡིན་པར་སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་འགྲེལ་པ་སོགས་ན་ཡོད་འདུག་ཅིང་། རྗེ་བཙུན་རིན་པོ་ཆེའི་དཀར་ཆག་ཏུ་ཡང་། ཤེས་རབ་ཀྱི་རྒྱུད་ལ་སངས་རྒྱས་མཉམ་སྦྱོར། རྩ་བའི་རྒྱུད་བརྟག་པ་བཅུ་པ། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་ཞེས་གསུངས་པས་མ་རྒྱུད་ཀྱི་ཐོག་མར་འདྲེན་པར་མཛད། ཀུ་ཀུ་རི་པས་མ་རྒྱུད་ཐམས་ཅད་ཀྱི་རྩ་བར་གསུངས་པ་དང་དགོངས་པ་གཅིག་ཏུ་སྣང་། བུ་