[A:༥༩བ]མཉམ་སྦྱོར་དང་། མཁའ་འགྲོ་རྒྱ་མཚོ་སོགས་རྩ་རྒྱུད་འདིའི་བཤད་རྒྱུ་ཡིན་ཞིང་། འོན་ཀྱང་སློབ་དཔོན་མི་ཐུབ་ཟླ་བས། བཤད་རྒྱུད་རྣམ་པ་ལྔ་རུ་འདོད། །ཅེས་པ་དང་མི་འགལ་ཏེ། དེ་ནི་རྣལ་འབྱོར་གསང་མཐའི་ལམ་སྲོལ་མ་ནོར་ཞིང་ཡོངས་སུ་རྫོགས་པ་ཞིག་སྟོན་པ་ལ། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། ཨ་བྷི་དྷ་ན་སོགས་རྒྱུད་ལྔ་པོ་རྩ་བཤད་དུ་བསྡེབས་པས་ཆོག་གི གཞན་རྣམས་བཤད་རྒྱུད་དུ་མི་དགོས་པ་ལ་དགོངས་སམ་སྙམ་སྟེ། ཀུན་མཁྱེན་རིན་པོ་ཆེའི་བདེ་མཆོག་ཆོས་འབྱུང་ལས། དེས་ན་གསང་མཐའི་བཤད་སྲོལ་འདི་ལ་སྡོམ་འབྱུང་སོགས་མི་དགོས་པས་ན་བཤད་རྒྱུད་རྣམ་པ་ལྔར་ངེས་སོ། །འོ་ན་སྡོམ་འབྱུང་སོགས་བཤད་རྒྱུད་དུ་གཏན་མི་འདོད་དམ་སྙམ་ན། སྤྱིར་བདེ་མཆོག་གི་བཤད་རྒྱུད་ཡིན་ཀྱང་། རྣལ་འབྱོར་གསང་མཐའི་བཤད་སྲོལ་འདི་ལ་མི་དགོས་པ་ཡིན་ཏེ། དཔེར་ན་གྲུབ་ཆེན་ཀུན་སྙིང་གི་གསང་འདུས་རྩ་རྒྱུད་དང་། རྣམ་སྣང་སྒྱུ་དྲ་རྩ་བཤད་དུ་སྦྲེལ་ནས་འཆད་པའི་ཚེ། དགོངས་པ་ལུང་སྟོན་སོགས་སྤྱིར་བཤད་རྒྱུད་དུ་ཁས་ལེན་ཀྱང་། ལུགས་དེ་ལ་མི་དགོས་པ་བཞིན་དང་། འཕགས་པ་ཡབ་སྲས་ཀྱི་གསང་འདུས་རྩ་རྒྱུད་དང་། དགོངས་པ་ལུང་སྟོན་སོགས་བཞི་རྩ་བཤད་དུ་སྦྲེལ་ནས་འཆད་པའི་ཚེ། རྒྱུད་ཕྱི་མ་དང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སོགས་སྤྱིར་བཤད་རྒྱུད་དུ་ཁས་ལེན་ཀྱང་ལུགས་དེ་ལ་མི་དགོས་པ་བཞིན་ནོ་ཞེས་གསུངས་པ་དང་། དཔལ་གྱི་རྒྱལ་མཚན་པས་མཛད་པའི་བདེ་མཆོག་གི་ཆོས་འབྱུང་ལས་ཀྱང་། འོ་ན་བདེ་མཆོག་སྡོམ་འབྱུང་སོགས་རྒྱུད་རྣམ་དག་ཏུ་མི་འདོད་པ་ཡིན་ནམ། བདེ་མཆོག་གི་བཤད་རྒྱུད་མ་ཡིན་ཟེར་