[A:༦༠ན]བ་ཡིན་སྙམ་ན། སྤྱིར་རྒྱུད་རྣམ་དག་དང་བདེ་མཆོག་གི་བཤད་རྒྱུད་ཡིན་ཀྱང་། རྣལ་འབྱོར་གསང་མཐའི་བཤད་སྲོལ་འདི་ལ་མི་དགོས་པ་ཡིན་ཏེ། དཔེར་ན་གྲུབ་ཆེན་ཀུན་སྙིང་གི་རྣམ་སྣང་སྒྱུ་དྲ་དང་། གསང་འདུས་གཉིས་རྩ་བཤད་དུ་སྦྲེལ་ནས་བཤད་པའི་ཚེ་ན་གསང་འདུས་ཀྱི་བཤད་རྒྱུད་གཞན་རྣམས་སྤྱིར་རྒྱུད་རྣམ་དག་དང་། བྱེ་བྲག་ཏུ་བཤད་པའི་རྒྱུད་རྣམ་དག་མ་ཡིན་མི་གསུང་ཡང་། ཁོང་རང་གི་ཡོ་གར་འཆད་པའི་སྲོལ་དེ་ལ་རྣམ་སྣང་སྒྱུ་དྲས་ཆོག་པས་དེའི་ཚེ་གཞན་རྣམས་བཤད་རྒྱུད་དུ་ཁས་མི་ལེན་པ་དང་། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་བཤད་རྒྱུད་བཞི་དང་། གསང་འདུས་རྩ་རྒྱུད་རྩ་བཤད་དུ་སྦྲེལ་ནས་འཆད་པའི་ཚེ་རྒྱུད་ཕྱི་མ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྒྱུད་རྣམ་དག་དང་། བཤད་རྒྱུད་མིན་མི་གསུང་ཡང་ལུགས་དེ་ལ་མི་དགོས་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྩ་རྒྱུད་དང་། རྒྱུད་ཕྱི་མ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་རྩ་བཤད་དུ་སྦྲེལ་ནས་བཤད་པའི་སྲོལ་དེ་ལ་དགོངས་པ་ལུང་སྟོན་སོགས་བཞི་པོ་རྒྱུད་རྣམ་དག་མིན་ཡང་མི་ཟེར། བཤད་རྒྱུད་མིན་ཡང་མི་ཟེར་ཡང་། ལུགས་དེ་འཆད་པ་ལ་དེ་རྣམས་མི་དགོས་པ་བཞིན་ནོ། །ཞེས་གསུངས་པས་སོ། །གོང་དུ་བཀོད་པ་དེ་ལས་གཞན་དུ་སྡོམ་འབྱུང་སོགས་བཤད་རྒྱུད་མིན་ན་ནི་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པས་འདྲེན་པར་མཛད་པའི་བདག་ཉིད་ཆེན་པོ་ས་པཎ་གྱི་ཆག་ལོ་ལ་གནང་བའི་དྲི་ལན་གྱི་གསུང་དེ་དང་། རྗེ་བཙུན་རིན་པོ་ཆེའི་རྒྱུད་ཀྱི་དཀར་ཆག་ལས། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད། བཤད་པའི་རྒྱུད་ལ་ཨ་བྷི་དྷ་ན།