[A:༦༠བ]རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། ཀུན་ཏུ་སྤྱོད་པ། ཁྲག་འཐུང་མངོན་འབྱུང་། ཕག་མོ་མངོན་འབྱུང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད། འབུམ་ཕྲག་གསུམ་པ་ལས་རལ་པ་གྱེན་བརྫེས་ཀྱི་ལེའུ་གཅིག བདེ་མཆོག་སྡོམ་པ་འབྱུང་བའོ་ཞེས་གསུངས་པ་དང་འགལ་ལ། དེ་ཐམས་ཅད་གསང་མཐའི་ལམ་སྲོལ་འཆད་པའི་ཚེ་དགོས་པའི་བཤད་རྒྱུད་དུ་འདོད་ན་ནི། བཤད་རྒྱུད་རྣམ་པ་ལྔ་རུ་འདོད། །ཅེས་ལྔར་ངེས་པར་གསུངས་པ་དང་འགལ་བར་འགྱུར་བས། འགལ་མེད་ཀྱི་དགོངས་པ་ལེན་ཚུལ་ཁོ་བོས་གོང་དུ་བཀོད་པ་དེ་ཙམ་ཞིག་དགོས་སམ་སྙམ་སྟེ་དཔྱད་པར་བྱའོ། །གསུམ་པ་དེ་དག་བསྡུད་པ་པོས་བསྡུས་ཚུལ་ལ། སྤྱིར་ཐེག་དམན་གྱི་བསྟན་པ་བསྡུས་ཚུལ། ཐེག་པ་ཆེན་པོའི་བསྟན་པ་བསྡུས་ཚུལ་གཉིས་སུ་གསུངས་པ་ཡིན་ཏེ། དེ་ཡང་རྒྱུད་སྡེ་སྤྱི་རྣམ་ལས་ཇི་ལྟར་གསུངས་པའི་དོན་བསྡུས་ནས་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་གསལ་རྒྱན་ལས། རྒྱལ་བའི་བསྟན་ལ་བསྡུ་བ་རྣམ་གསུམ་ལས། །དང་པོ་དྲི་མེད་ཐེག་པའི་ཕུག་ཅེས་པར། །སྐྱོན་བྲལ་དགྲ་བཅོམ་བརྒྱ་ཕྲག་ལྔ་འདུས་ནས། །སྡེ་སྣོད་རྣམ་གསུམ་འཕགས་པ་གསུམ་གྱིས་བསྡུས། །དེ་རྗེས་གཉིས་དང་གསུམ་པའང་རིམ་བཞིན་བྱུང་། །དེ་བཞིན་ཐེག་པ་ཆེན་པོའི་མདོ་རྣམས་ཀྱང་། །ལྷོ་ཕྱོགས་དྲི་མེད་འབྱུང་གནས་ཞེས་བྱ་བར། །བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག །དགུ་བཅུ་འདུས་ནས་བསྡུས་ཞེས་འགའ་ཞིག་བཞེད། །འོན་ཀྱང་ཐེག་ཆེན་མཐའ་དག་བསྡུད་པ་པོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན། །ཞེས་གསུངས་པ་ལྟར། སྟོན་པ་མྱ་