[A:༦༡ན]ངན་ལས་འདའ་བའི་ཚུལ་བསྟན་ནས་རིང་པོ་མ་ལོན་པ་ན། མ་ག་དྷའི་ལྷོ་ཕྱོགས་བསྡུ་བའི་ཕུག་ཅེས་པར་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས། ཀུན་དགའ་བོ་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་ཀུན་དགའ་བོ་དང་། ཉེ་བར་འཁོར་དང་། འོད་སྲུང་དང་གསུམ་གྱིས་རིམ་པ་བཞིན་མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་གསུམ་བསྡུས་ཤིང་། དེ་ལ་ཐེག་ཆེན་གྱི་བཀའ་བསྡུ་དང་པོ་ཞེས་བྱ་ལ། དེའི་རྗེས་སུ་ཡངས་པ་ཅན་གྱི་དགེ་སློང་གིས་མི་རུང་བའི་གཞི་བཅུ་བཅས་པའི་རྐྱེན་གྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས། བྱ་བཀའི་ཀུན་དགའ་ར་བར་དགྲ་བཅོམ་པ་བདུན་བརྒྱས་བསྡུ་བ་གཉིས་པ་མཛད་ཅིང་། སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་སུམ་བརྒྱ་ན། དགེ་སློང་ལྷ་ཆེན་གྱིས་བསྟན་པ་དཀྲུགས་པ་ལ་བརྟེན་ནས་ཁ་ཆེའི་ཡུལ་འུན་པ་ན་ཞེས་པར། ཛྭ་ལནྡྷ་རའི་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ནས་དགྲ་བཅོམ་པ་ལྔ་བརྒྱ། བྱང་སེམས་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་འདུས་ནས་བཀའ་བསྡུ་གསུམ་པ་མཛད་པ་ཡིན་ནོ། །ཐེག་པ་ཆེན་པོ་བསྡུས་ཚུལ་ནི། ལྷོ་ཕྱོགས་བི་མ་སམ་བྷ་ཝ་ཞེས་པའམ། དྲི་མེད་ཐེག་པའི་ཕུག་ཅེས་པར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་འདུས་ནས། མངོན་པ་འཇམ་དཔལ་གྱིས་བསྡུས། འདུལ་བ་བྱམས་པས་བསྡུས། མདོ་སྡེ་ཕྱག་ན་རྡོ་རྗེས་བསྡུས་ཞེས་གྲགས་ལ། རྟོག་གེ་འབར་བར་དེ་གསུམ་དང་། ཀུན་བཟང་གིས་བསྡུས་པར་ཡང་བཤད་དོ། །འོན་ཀྱང་ཐེག་པ་ཆེན་པོ་མཐའ་དག་གི་བསྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་སོགས་པ་