[A:༦བ]བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམ་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཞེས་བཤད་པ་ལྟར་དང་། འཇིག་རྟེན་ཆགས་གནས་འཇིག་གསུམ་སོགས་བསྐལ་པའི་རྣམ་གཞག་རྒྱས་པར་ཁོ་བོས་གསུང་ངག་ཆོས་འབྱུང་ཆེན་མོར་བཤད་ཟིན་པས་དེར་བལྟའོ། །གཉིས་པ་བསྐལ་པ་གང་ལ་བྱོན་པའི་ཚུལ་ནི། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་དག་ལས། བསྐལ་པ་གང་ལ་སངས་རྒྱས་གང་བྱོན་ཚུལ་མཐའ་ཡས་པ་ཞིག་གསུངས་པ་ཡིན་ཡང་། མདོ་སྡེ་སྐལ་བཟང་ལས་གསུངས་པ་ལྟར། བསྐལ་པ་ལ་སྒྲོན་མའི་བསྐལ་པ་དང་། མུན་པའི་བསྐལ་པ་གཉིས་ལས། དང་པོ་ནི་སངས་རྒྱས་བྱོན་པའི་བསྐལ་པ་དང་། ཕྱི་མ་ནི་སངས་རྒྱས་མི་བྱོན་པའི་བསྐལ་པ་ཡིན་ལ། དེ་ཡང་སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་། དེ་ནས་མུན་བསྐལ་དྲུག་ཅུ་རེ་ལྔ་འབྱུང་། དེ་ནས་སྒྲོན་བསྐལ་གྲགས་པ་ཆེན་མོའི་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི་འབྱུང་། དེ་ནས་མུན་བསྐལ་བརྒྱད་ཅུ་འབྱུང་། དེ་ནས་སྒྲོན་བསྐལ་དཔེ་སྐར་མ་ལྟ་བུ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་། དེ་ནས་མུན་བསྐལ་སུམ་བརྒྱ་འབྱུང་། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་གསུངས་པ་ཡིན་ནོ། །གསུམ་པ་བྱེ་བྲག་ཏུ་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་པའི་ཚུལ་ནི། སྙིང་རྗེ་པདྨ་དཀར་པོའི་རྗེས་སུ་འབྲངས་ནས་སྟོང་དང་ལྔ་འབྱོན་པའི་ལུགས་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་