R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན]སྐྱོན་མེད་བཀའ་དང་བསྟན་བཅོས་དགོངས་པ་ནི། །དེ་བཞིན་གཤེགས་པ་སྤྲུལ་པའི་དཀྱིལ་འཁོར་དུ། །ཨུ་ཌི་ཡ་ནའི་རྒྱལ་པོ་འཁོར་བཅས་རྣམས། །ལེགས་པར་བཅུག་ནས་ཡོངས་སུ་སྨིན་པར་མཛད། །དེ་ཚེ་ཕྱག་ན་རྡོ་རྗེས་རྒྱུད་ཀུན་བསྡུས། །ཞེས་གསུངས་པ་ལྟར། སྔོན་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་མ་བསྟན་གོང་དུ་སྟོན་པ་ཉིད་ཀྱིས་རྒྱལ་ཆེན་ཨིནྡྲ་བོ་དྷི་འཁོར་དང་བཅས་པ་སྤྲུལ་པའི་དཀྱིལ་འཁོར་དུ་བཅུག་ནས་སྨིན་པར་མཛད་ཅིང་། དེའི་ཚེ་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་བསྡུས་པར་ཡོངས་སུ་གྲགས་པ་ཡིན་པས། གསང་སྔགས་ཕྱག་ན་རྡོ་རྗེས་བསྡུས་པ་གཙོ་ཆེ་ལ། ཡང་རྒྱུད་ཞུ་བ་པོ་གང་ཡིན་གྱིས་བསྡུས་པ་ཡང་ཡོད་དེ། དགེས་རྡོར་གྱི་རྒྱུད། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་བདུད་རྩིའི་རྒྱུད་མ་མ་ཀིས་བསྡུས་པར་བཤད་པས་སོ། །ཡང་མཁའ་འགྲོ་རྒྱ་མཚོ་ལས། བསྡུ་བ་མཛད་པ་སོགས་རྣམས་ཀྱི། །བདག་ལས་བགྲོད་པ་དེ་ཐེབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཚིག་འདི་ལ་ནི་མངོན་པར་དགའ། །ཞེས་རྩོད་དུས་སུ་ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་རྣམས་རྡོ་རྗེའི་གནས་ཨུ་རྒྱན་དུ་ཕག་མོ་ལ་སོགས་པའི་མ་མོ་རྣམས་ཀྱིས་ཕན་ཚུན་དྲི་བ་དང་དྲི་ལན་གྱི་ཚུལ་གྱིས་བསྡུས་ནས་འཁོར་རྣམས་རྗེས་སུ་ཡིད་རང་བར་གྱུར་པ་ཡང་བཤད་དོ། །དེ་ལྟར་བསྡུད་པ་པོ་སྟོན་པ་ཉིད་ལས་ཐ་དད་པ་དག་གིས་བསྡུས་པར་བཤད་པ་དེ་དག་དྲང་དོན་དུ་ཡིན་གྱི། ཡང་དག་པར་ན་སྟོན་པ་ཉིད་