[A:༦༢བ]ཀྱིས་ཨེ་ཝྃ་མ་ཡ་ཞེས་སོགས་གསུངས་པ་ལ། གདུལ་བྱ་དབང་རྣོན་གྱིས་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་ནས་བསྟན་པར་གོ །དབང་རྟུལ་གྱིས་རྒྱུད་ཀྱི་གླེང་གཞི་བསྡུད་པ་པོས་གསུངས་པར་གོ་བ་ཡིན་གྱི། ཕྱིས་བསྡུད་པ་པོས་བཅུག་པ་མ་ཡིན་པར་བཤད་དེ། ཡིན་ན་སྟོན་པས་གླེང་གཞིའི་བཤད་པ་མཛད་མི་རིགས་པ་ལས། རྒྱུད་མང་པོ་ལས་གླེང་གཞིའི་བཤད་པ་གསུངས་པས་ན་གླེང་གཞི་དག་ཀྱང་ངེས་དོན་དུ་སྟོན་པ་ཉིད་ཀྱིས་གསུངས་ཏེ། གསང་བ་གྲུབ་པ་ལས། དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་བསྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པ་བསྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཏེ། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །བསྡུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོ་དེ་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུངས་པ་མེད། །འདི་སྐད་ཐོས་པའི་ཚིག་གང་དང་། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་གསུངས་པའི་དོན་རྒྱུད་སྡེ་སྤྱི་རྣམ་དུ་གསལ་བར་གསུངས་པ་བསྡུས་ནས། ཚུལ་གསུམ་གསལ་རྒྱལ་ལས། ངེས་པའི་དོན་དུ་སྟོན་དང་བསྡུད་པ་པོ། །ཐ་དད་མེད་ཀྱང་དམན་ལ་དེ་ལྟར་སྣང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གསུང་བ་པོའི་སྟོན་པ་དང་། ཉན་པ་པོའི་འཁོར་རྒྱུད་བསྡུད་པ་པོ་རྣམས་སོ་སོར་སྣང་བ་ནི། དེ་ལྟར་དུ་ཞེན་ཅིང་དེ་ལ་མོས་པའི་གང་ཟག་དྲང་བའི་དོན་དུ་སྟོན་པ་ཉིད་ཀྱི་རྣམ་འཕྲུལ་