R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན]ལས་ཐ་དད་དུ་སྣང་བར་སྟོན་པ་ཡིན་གྱི་ངེས་དོན་དུ་ཐ་དད་པ་མ་ཡིན་ཏེ། ཀྱཻ་རྡོ་རྗེའི་རྩ་རྒྱུད་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བདེ་མཆོག་གི་ཆོས་རྣམས་ནི་འཛམ་བུ་གླིང་གི་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རྟག་པར་ཉམས་སུ་བླངས་པས་འཛམ་བུའི་གླིང་འདིར་མི་ནུབ་པར་གནས་པར་བཤད་དེ། དེའི་རྒྱུ་མཚན་ཡང་འཛམ་བུའི་གླིང་ལས་ཀྱི་ས་པ་ཡིན་པས། སྔར་མེད་པའི་དགེ་མི་དགེའི་ལས་སྟོབས་ལྡན་གསར་དུ་བསྐྱེད་དུ་རུང་བས་ན། སངས་རྒྱས་ཀྱི་ལམ་ཡང་འདིར་བསྐྱེད་དུ་རུང་བའི་རྒྱུ་མཚན་གྱིས་ཡིན་ལ། གླིང་གཞན་དག་ནི་འབྲས་བུའི་ས་པ་ཡིན་པས། སྔར་གྱི་ལས་འབྲས་ལ་ལོངས་སྤྱོད་ཀྱིས། ལས་གསར་དུ་མི་བསོག་པས་དེ་དག་ཏུ་རྟག་པར་གནས་པ་ཡིན་ནོ། །ཡང་རྣལ་འབྱོར་མ་ཀུན་སྤྱོད་ལས། མདོར་བསྟན་པ་ཡི་སྤྲུལ་པ་ཡིན། །རྒྱས་བསྟན་ལོངས་སྤྱོད་རྫོགས་པར་བརྗོད། །སླར་རྒྱས་བསྟན་པས་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །ཞེས་རྩ་རྒྱུད་རྒྱས་པ་ཆོས་སྐུ་དང་ཆོས་མཚུངས་སུ་གསུངས་པས་སངས་རྒྱས་ཀྱི་ཐུགས་ལ་གནས། འབྲིང་པོ་ལོངས་སྐུ་དང་ཆོས་མཚུངས་སུ་གསུངས་པས་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དུ་རྒྱུན་མི་ཆད་པར་རྟག་ཏུ་གནས། བསྡུས་རྒྱུད་སྤྲུལ་སྐུ་དང་ཆོས་མཚུངས་སུ་གསུངས་པས་སྤྲུལ་སྐུ་སྤྲུལ་པ་སྟོན་པ་དང་། མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་སོགས་སྣ་ཚོགས་སུ་སྣང་བ་ལྟར། གདུལ་བྱ་སྐལ་བ་དང་ལྡན་མི་ལྡན་གྱི་ངོ་བོར་