R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣བ
[A:༦༣བ]ནུབ་པ་དང་མ་ནུབ་པའི་ཚུལ་སྟོན་པ་ཡིན་པར་ཡང་གསུངས་སོ། །གཉིས་པ་རྩ་བཤད་ལ་བརྟེན་པའི་བཤད་སྲོལ་ཇི་ལྟར་བྱུང་བའི་ཚུལ་ལ། སྤྱིར་བདེ་མཆོག་གི་བཤད་སྲོལ་བྱུང་ཚུལ། བྱེ་བྲག་ཏུ་གསང་མཐའི་བཤད་སྲོལ་བྱུང་ཚུལ་གཉིས་ལས། དང་པོ་ནི། བདེ་མཆོག་ལ་རྩ་རྒྱུད་ཉུང་ངུ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་དང་། མཁའ་འགྲོ་རྒྱ་མཚོ་རྩ་བཤད་དུ་སྦྱར་ནས་བཀྲལ་བའི་དུས་འཁོར་དང་མཐུན་པའི་ལམ་སྲོལ་དང་། རྩ་རྒྱུད་དེ་དང་སྡོམ་འབྱུང་སྦྱར་ནས་འཆད་པའི་གསང་འདུས་འཕགས་ལུགས་དང་མཐུན་པའི་ལམ་སྲོལ། རྩ་རྒྱུད་དེ་དང་སངས་རྒྱས་མཉམ་སྦྱོར་སྦྱར་ནས་འཆད་པའི་མ་རྒྱུད་སྤྱི་དང་མཐུན་པའི་ལམ་སྲོལ། རྩ་རྒྱུད་དེ་དང་བཤད་རྒྱུད་ལྔ་སྦྱར་ནས་འཆད་པའི་རྣལ་འབྱོར་གསང་མཐའི་ལམ་སྲོལ་ཏེ་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་ལམ་སྲོལ་ཆེན་པོ་བཞི་བྱུང་པ་ལས། རྩ་བའི་རྒྱུད་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་སྟོད་འགྲེལ་དུ་གྲགས་པ་མཛད་ནས། རྣལ་འབྱོར་བླ་མེད་ཀྱི་ཟབ་དོན་ཐམས་ཅད་དུས་ཀྱི་འཁོར་ལོ་དང་མཐུན་པར་བཤད་ཅིང་། རྒྱལ་པོ་ཨིནྡྲི་བྷུ་ཏིས་བདེ་མཆོག་རྩ་རྒྱུད་ཀྱི་དགོངས་པ་མ་རྒྱུད་སྤྱི་དང་མཐུན་པར་བཀྲལ་ནས་འགྲེལ་པ་མཛད་ལ། སློབ་དཔོན་སྐར་རྒྱལ་ཟླ་བས་རྣལ་འབྱོར་མ་ལས་གདམས་ངག་དངོས་སུ་གསན་པ་ལ་བརྟེན་ནས་རྩ་རྒྱུད་ཀྱི་དགོངས་པ་ཨ་བྷི་དྷ་ནའི་བསྐྱེད་རིམ་དང་མཐུན་པར་བཤད་པའི་འགྲེལ་པ་དང་། འཁོར་ལོ་བདེ་མཆོག་གི་གྲུབ་ཐབས་བདུད་རྩི་འཛག་པ་ཞེས་པ་མཛད་པ་ཡིན་ཞིང་། རྡོ་རྗེ་རྣལ་འབྱོར་མས་གདམས་ངག་དངོས་སུ་བྱིན་པ་ཡིན་པ་