R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤བ
[A:༦༤བ]བཤད་པ་རྣམས་ལ་ཡི་གེའི་སྒྲ་ལས་དྲངས་པའི་བཤད་པ་ཡང་དག་པའི་ལྟ་བའི་ཉི་མའི་འོད་ཟེར་ཞེས་པའི་འགྲེལ་པ་ཞིག་ཀྱང་ཡོད་པར་བཤད་ཅིང་། མངོན་བརྗོད་བླ་མ་ལ་ཛྙཱ་ན་བཛྲས་མཛད་པའི་དང་། ཤུ་རང་ཀ་ཝརྨས་མཛད་པའི་འགྲེལ་པ་གཉིས་ཡོད་པར་གསུངས་ཤིང་། མཁའ་འགྲོ་རྒྱ་མཚོ་ལ་སློབ་དཔོན་པདྨ་བཛྲས་མཛད་པའི་འགྲེལ་པ་གྲུ་གཟིངས་ཞེས་པ་དང་། དེའི་སློབ་མ་ཛ་ཡ་སེ་ནས་རིན་ཆེན་སྣ་བདུན་ཞེས་པའི་གཞུང་བདུན་མཛད་པ་ལས། ཚོགས་འཁོར་དང་རབ་གནས་གཉིས་བོད་དུ་མ་འགྱུར་ལ་དབང་བཀའ་ནི་དེང་སང་ཡང་བཞུགས་སོ། །དེ་ལྟར་འཕགས་ཡུལ་དུ་བྱུང་བའི་བདེ་མཆོག་གི་རྩ་བཤད་ཀྱི་དགོངས་འགྲེལ་དང་རྩ་བཤད་ལ་བརྟེན་པའི་ལམ་སྲོལ་དང་བཅས་པ་བྱུང་ཚུལ་ནི་དེ་ལྟར་ཡིན་ལ། དེ་ནས་བོད་ཁ་བ་ཅན་གྱི་ལྗོངས་འདིར་བྱུང་ཚུལ་ནི་བསྟན་པ་སྔ་དར་གྱི་དུས་སུ་སངས་རྒྱས་མཉམ་སྦྱོར་མ་གཏོགས་པའི་བདེ་མཆོག་གཞན་རྣམས་བོད་དུ་མ་འགྱུར་ལ། ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་བྱོན་ནས། པཎྜི་ཏ་ཤརྡྷ་ལ་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ཀོང་ཀ་ནས་མཛད་པའི་ཆོས་སྐོར་སོགས་གསན་ཅིང་། རྩ་རྒྱུད་དང་འགྲེལ་པ་གསུམ་པོ་དེའི་འགྱུར་ཡང་མཛད་ནས། དེའི་བཤད་སྲོལ་དར་བར་བྱུང་། རྗེ་བཙུན་གོང་མ་ཡང་རྣལ་འབྱོར་གསང་མཐའི་ཆོས་སྐོར་མ་གསན་གོང་དུ་ལུགས་དེ་ལ་གཙོ་བོ་མཛད་པ་ཡིན་པར་བཤད་ལ། ཇོ་བོ་རྗེ་བོད་དུ་བྱོན་དུས་ལོ་ཆེན་གྱིས་ཇོ་བོ་ཉིད་ལ། ཇོ་བོ་རང་གི་ལུགས་ཀྱི་བདེ་མཆོག་གི་དབང་བཀའ་གསན། ལུགས་དེ་དང་མཐུན་པའི་ལཱུ་ཧི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཡང་མཛད། ལོ་ཆེན་དེའི་