[A:༦༥ན]སྐུ་ཚེའི་སྨད་ཙམ་གྱི་དུས་འབྲོག་མི་ལོ་ཙཱ་བ་བྱོན། བདེ་མཆོག་ལ་ཡང་ཤིན་ཏུ་མཁས་ཀྱང་དེ་ནས་བརྒྱུད་པའི་བདེ་མཆོག་གི་ཆོས་སྐོར་འཕེལ་བ་ཞིག་ནི་མ་བྱུང་ཞིང་། རྗེ་འགོས་ལ་ཡང་ལྷས་སྦས་ཀྱིས་བཤད་པའི་བཤད་སྲོལ་བདེ་མཆོག་གི་ཆོས་སྐོར་འགའ་ཞིག་བྱུང་ལ། གཞན་ཡང་ཇོ་བོ་རྗེས་རོང་པ་འགར་དགེ་ལ་ལྷས་སྦས་ཀྱི་འགྲེལ་པའི་སྟེང་ནས་བདེ་མཆོག་གི་བཤད་བཀའ་གནང་། ལྷ་རྩེ་བ་གྲགས་པ་དཔལ་གྱི་བར་དུ་བྱུང་ཡང་དེང་སང་མི་བཞུགས། ཡང་པཎྜི་ཏ་སུ་མ་ཏི་ཀིརྟི་བྱོན་དུས་མར་པ་དོ་པ་དང་པུ་ཧྲང་ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ཀྱིས་པཎ་ཆེན་དེ་ལས་བདེ་མཆོག་གི་ཆོས་སྐོར་མང་དུ་གསན་ནས། མར་དོས་རྩ་རྒྱུད་དང་། ཀུན་སྤྱོད་དང་། ནག་པོ་གཞུང་དྲུག་སོགས་གཞུང་ཕྲན་ཕལ་ཆེ་བ་ལ་འགྱུར་ཡང་མཛད། རྩ་རྒྱུད་དང་། ལཱུ་ཧི་པའི་སྒྲུབ་ཐབས་ལ་རྣམ་བཤད་ཀྱང་བརྩམས། གདམས་པ་ཟབ་མོ་ཡོངས་སུ་རྫོགས་པར་ཐུགས་སུ་ཚུད། ལྷག་པར་ནག་པོ་རིམ་བཞི་ལ། མལ་ལོ་དང་། པུ་ཧྲང་ལོ་ཆུང་། མར་དོ་གསུམ་སྤྱི་བབས་འདྲ་བ་ལ། ཕྱིས་སུ་གཏུམ་མོ་ལམ་རྫོགས་ནང་བཞིན་བྲིས་པ་དང་། ཡང་ལ་ལས་དཔྱིད་ཐིག་གི་མཚན་གཞི་འཁོར་ལོ་གཉིས་མ་ཞིག་སྟོན་པ་སོགས་བྱུང་ཡང་། དཔྱིད་ཐིག་ལ་རྒྱ་གཞུང་ལ་འཁོར་ལོ་བཞིའི་རྒྱས་བཤད་འབྱུང་ཞིང་། རིམ་བཞི་ལམ་སློང་ཡང་། དམར་ཆོས་ཀྱི་རྒྱལ་མཚན་གྱིས་པུ་ཧྲང་ལོ་ཆུང་བའི་གསུང་རྒྱུན་བྲིས་པ་དང་། ཅོག་རོ་ཆོས་རྒྱལ་བས་དམར་པ་དོ་པས་གསུང་བགྲོས་ཇི་ལྟ་བའི་ཟིན་ཐོ། རྗེ་ས་སྐྱ་པ་ཆེན་པོས་རིམ་བཞི་ལམ་སློང་གསུམ་ཞུ་དག་ཐུབ་པ་ལྟ་བུ་ཡོད་