R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]རྗེས་སུ་འབྲངས་ཏེ་སངས་རྒྱས་སྟོང་འབྱོན་པའི་ལུགས་དང་གཉིས་ཙམ་ཡོད་པ་ལས། དང་པོ་ནི་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འདིར་བསྐལ་པ་ཆེན་པོ་འཇིག་རྟེན་པ་ཞེས་བྱ་བ་ལ་གླིང་བཞི་པ་འདི་ཉིད་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བྱུང་ངོ་། །དེ་ལ་སྲས་རྒྱལ་བུ་མིག་མི་འཛུམ་པ་སོགས་སྟོང་དང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་བཅས་པ། དེའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་སྲས་བརྒྱད་ཅུ་དང་། སློབ་མ་བྲམ་ཟེ་སྟོང་དང་བཅས་པ་ཞིག་ཡོད་པ་དེའི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་སངས་རྒྱས་པའི་མཚན་རིན་ཆེན་སྙིང་པོ་ཞེས་པར་གྱུར། དེ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་ཟླ་བ་གསུམ་སངས་རྒྱས་དེ་ལ་བསྙེན་བཀུར་བྱས་ཤིང་། དེ་ནས་དེའི་སྲས་སྟོང་པོ་དེ་དག་གིས་ཟླ་བ་གསུམ་གསུམ་བསྙེན་བཀུར་བྱས་ཏེ་ལོ་ཉིས་བརྒྱ་དང་ཟླ་བ་གསུམ་འདས་པ་ན། སངས་རྒྱས་དེའི་ཡབ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་བསྙེན་བཀུར་བྱས་ཆོས་མཉན་ཅིང་རྨི་ལམ་བརྟགས་པས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དེ་སྟག་ལ་སོགས་པའི་གཅན་གཟན་གདུག་པ་ཅན་སྲོག་ཆགས་ཀྱིས་བསད་པར་གྱུར་པ་དང་། བློན་པོ་ཁ་ཅིག་ཤིང་རྟ་བདེ་བ་ལ་བཞོན་ནས་ལམ་གོལ་པར་འགྲོ་བ་རྨིས། ཚུལ་དེ་སངས་རྒྱས་ལ་ཞུས་པས། རྒྱལ་པོ་རྒྱལ་རིགས་ལ་ཆགས་ཤིང་མི་དགེ་བ་སྤྱད་པས་ཕྱི་མ་ངན་སོང་དུ་སྐྱེ་བ་དང་། བློན་པོ་དེ་དག་ཉན་རང་དུ་འགྱུར་བར་ལུང་བསྟན། གཞན་མང་པོ་སངས་རྒྱས་པར་ལུང་བསྟན་པ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་ལ། རྒྱལ་པོ་ཆེན་པོ་མིར་གྱུར་པ་ཡང་རྙེད་དཀའ། སངས་རྒྱས་