R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦ན
[A:༦༦ན]ལམ་སློང་དགོས་ཞུས་པས་མར་པ་དོ་པ་བཞུགས་ཁྲིའི་ཁ་ནས་སྐུ་འཕར་ཏེ། ཆོས་འདིའི་མིང་ཐོས་པ་སུ་མེད་པ་ལ། ཁྱོད་ལ་སུས་བཤད་གསུངས། ཅོག་རོས་བདག་ལ་ཇོ་སྲས་ཀྱིས་གསུངས་ཞུས་པས། ཇོ་སྲས་ལ་སྤྱན་སྡང་མིག་ཏུ་གཟིགས་ཏེ་བརྐམ་ཆགས་ཅན་ཁྱོད་ཀྱི་སྲོག་རྩ་རྡོ་རྗེ་ཕ་ལམ་ལ་བྱས་པ་ཡིན་ནམ། ད་ཚེ་ཞབས་བཅད་ཟིན་ཀྱང་། ཕྱིས་གདམས་པའི་རྒྱུན་མི་ཆད་པའི་རྟེན་འབྲེལ་ཙམ་འདུག་གསུངས་ནས། ཅོག་རོ་ལ་གསུངས་རྗེས་ཁོ་ནར་མར་དོ་ལོ་ཙཱ་བ་གཤེགས་ཏེ། གཤེགས་རྫོངས་བསྒྲུབ་ཆེད་དུ་སྲས་ཀྱི་ཀླུབས་སུ་བྱོན་པས། ཆོམ་པོས་མཚན་བརྡུངས་བྱས་སྐུ་ལ་མཚོན་ཕུལ་ནས་ཞག་བཅུ་གཅིག་ནས་གཤེགས་པས་རིམ་བཞི་ལམ་སློང་འདི་གཉན་པའི་སྒྲ་རྒྱལ་ཁམས་ཐམས་ཅད་དུ་ཁྱབ། དེ་ལ་བརྟེན་ནས་ཕྱིས་སུ་ས་སྐྱ་པའི་དགེ་བའི་བཤེས་གཉེན་མང་པོས་ནག་པོ་རིམ་བཞི་གཉན་ཆ་ཆེ་ཟེར་འཇིགས་འཇིགས་སྒྲོག་པ་ཞིག་བྱུང་ནའང་། མུས་ཆེན་སེམས་དཔའ་ཆེན་པོའི་རྣམ་ཐར་དུ་གཉན་ཆ་ཆེ་བའི་ཚུལ་ཟུར་ཙམ་ཞིག་གསུངས་པ་མ་གཏོགས་ས་སྐྱ་པ་རང་ལུགས་ཀྱི་ནག་པོ་རིམ་བཞི་ལ་གཉན་ཆ་ཆེ་བ་བྱུང་བའི་ལོ་རྒྱུས་ནི་གསལ་པོ་མི་སྣང་ལ། གཉན་ཆ་ཆེ་བར་ཡོངས་སུ་གྲགས་པའི་རྒྱུ་མཚན་ནི་སྔར་གྱི་དེའོ། །ད་ལྟ་ནི་མར་དོ་ནས་ཅོག་རོ་ལ་བརྒྱུད་པའི་རིམ་བཞིའི་རྒྱུན་ནི་མེད། ཅོག་རོས་མཛད་པའི་དཔེ་ནི་མ་ནུབ་པར་བཞུགས་སོ། །པུ་ཧྲང་ལོ་ཆུང་ལ་སློབ་བརྒྱུད་དམར་ཆོས་ཀྱི་རྒྱལ་མཚན། གྲོག་ར་བ་དངོས་