[A:༦༩ན]བོས་ངེད་རང་དང་ཆོས་བརྒྱུད་མཐུན་ཟེར་ནས་རྗེ་བཙུན་རིན་པོ་ཆེའི་དྲུང་དུ་བཏང་པས་རྗེ་བཙུན་ལས་ལཱུ་ཧི་པའི་དབང་སྐུར་ཞིག་ཐོབ། དེ་ནས་ནུབ་པ་རིག་འཛིན་གྲགས་ལ་གཏད་དེ། ཁོང་ལ་བཞུགས་པའི་བདེ་མཆོག་གི་ཆོས་སྐོར་མ་ལུས་པ་གསན་ནས་མཁས་པར་གྱུར་ཏེ། རྩ་རྒྱུད་ཀྱི་ཊིཀྐ། ལཱུ་ཧི་པའི་སྒྲུབ་ཐབས་ཀྱི་རྣམ་བཤད། བླ་མ་བརྒྱུད་པའི་རྣམ་ཐར་སོགས་མཛད། ཁོང་རང་གི་ཕ་ཆོས་ཡིན་ཟེར་ནས་འགར་ལོ་ཙཱ་བའི་ཆོས་དྲུག་ལ་འཆད་ཉན་དང་ཐུགས་དམ་སོགས་གནང་། ཆོས་དྲུག་ནི། སྒྲོལ་མ་སྣ་ཚོགས་པའི་རྒྱུད། སྤྱད་རས་གཟིགས་པདྨ་ཅོད་པན་གྱི་རྒྱུད། རྣམ་འཇོམས་ཏེ་ཞི་བ་གསུམ། ཕྱག་རྡོར་འཁོར་ཆེན། མི་གཡོ་བ། རྟ་མགྲིན་ཏེ་དྲག་པོ་གསུམ་སྟེ་དེ་རྣམས་སོ། །གསུམ་པ་དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པའི་ལམ་སྲོལ་ངོས་བཟུང་བ་ནི། དེ་ལྟར་སྤྱིར་བདེ་མཆོག་གི་ཆོས་སྐོར་ལ་རྩ་བཤད་ཀྱི་རྒྱུད་དགོངས་འགྲེལ་དང་བཅས་པས་ལམ་གྱི་སྲོལ་ཆེན་པོ་བཞི་ཙམ་ཞིག་ཕྱེ་བའི་ནང་ནས་བཤད་རྒྱུད་རྣམ་པ་ལྔས་རྩ་རྒྱུད་ཀྱི་དགོངས་པ་གསང་མཐར་བཀྲལ་བ་འདི་ཉིད་ཁྱད་པར་དུ་འཕགས་པ་ཡིན་ལ། དེའི་རྒྱུ་མཚན་ཡང་། བླ་མ་ཕམ་ཐིང་པས་བཞེད་པས། རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་རྡོ་རྗེ་འཆང་གིས་དང་པོར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་གསུངས་པ་དེ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས། སྙིགས་མའི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་། གཞུང་ཡི་གེར་སྡུད་མ་ནུས་པར་སྒྲ་ནམ་མཁའ་ལ་དེངས་པས་འདི་རྒྱུད་སྡེ་སྒོ་དྲུག་པའི་གསང་མཐར་བཞེད་པ་ཡིན་པར་བཤད།