[A:༦༩བ]རྒྱ་གར་དྷ་རི་ཀ་པ་དང་། བལ་པོ་ཐུགས་རྗེ་ཆེན་པོ་སོགས་རྒྱུད་རྒྱས་པ་དེ་དཔའ་བོ་དང་རྣལ་འབྱོར་མ་དག་གིས་བཻ་ཌཱུརྻའི་ཤོག་བུ་ལ་གསེར་ཞུན་མས་བྲིས་ཏེ་ནུབ་ཕྱོགས་ཀྱི་ཡུལ་ཨུ་རྒྱན་དུ་རྒྱས་བཏབ་སྟེ་བཞག་པས་སྒོ་དྲུག་པར་འཇོག་གསུངས། ཡང་རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པ་ཤནྟི་པས་རྒྱུད་འདི་ལ་འགྲེལ་པ་རྩོམ་པར་དམ་བཅས་པའི་ཚེ་ཤངས་ཁྲག་བརྡོལ། མཁའ་འགྲོའི་སྙིང་ཁྲག་ཐང་ལ་འབོའམ་ཟེར་བ་མནལ་ལམ་དུ་བྱུང་ནས་འགྲེལ་པ་རྩོམ་མ་ནུས་པས་ན་དེར་འཇོག་གསུངས་པ་སོགས་གསང་མཐའ་འདི་གཞན་ལས་ཁྱད་པར་དུ་འཕགས་ཚུལ་སྔོན་གྱི་དུས་སུ་གསུམ་ཙམ་ཞིག་བྱུང་བ་ལས། དེ་དག་གི་ནི་སྤྱིར་བདེ་མཆོག་གི་རྒྱུད་འདི་དག་རྒྱུད་སྡེ་གཞན་ལས་ཟབ་པའི་ཚུལ་ཙམ་བསྟན་པས་རྒྱུད་སྡེ་གཞན་ལས་ནི་ཁྱད་ཆོས་དེ་དག་གི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་ཏེ། འདིའི་རྒྱུད་རྒྱས་པ་རྣམས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། སྙིགས་དུས་ཀྱི་གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་། སློབ་དཔོན་ཤནྟི་པས་རྒྱུད་གཞུང་གཞན་ལ་འགྲེལ་པ་མཛད་ནུས་ཀྱང་འདིའི་རྩ་རྒྱུད་ལ་འགྲེལ་པ་མཛད་མ་ནུས་པ་སོགས་ཁྱད་ཆོས་དེ་དག་རྒྱུད་སྡེ་གཞན་ལ་ནི་མེད་པར་བཤད་པས་སོ། །དེ་ཙམ་གྱིས་ནི་བདེ་མཆོག་གི་བཤད་སྲོལ་གཞན་དག་ལས་གསང་མཐའི་བཤད་སྲོལ་འདི་ཁྱད་པར་དུ་འཕགས་པར་མི་འགྲུབ་སྟེ། ཁྱད་པར་དེ་དག་ནི་བདེ་མཆོག་གི་རྒྱུད་ཐམས་ཅད་ལ་ཚང་བས་སོ། །དེས་ན་ཆོས་གཞན་གྱི་དབང་དུ་བྱས་པའི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་མི་བཞུགས་པར་བཤད་ལ། རྒྱུད་འདིའི་དབང་དུ་བྱས་ན། བྱིན་