[A:༧༠བ]ཀྱི་བཀྲི་བའི་ལམ་གྱི་རིམ་པ་དང་། བསྐྱེད་རིམ་གྱི་མངོན་པར་རྟོགས་པ་ལ་ཡང་། སྦྱོར་བའི་སྐབས་སུ་ཚད་མེད་བཞི་བསྒོམ་ཚུལ། ཚོགས་བསགས་བཅུ་གསུམ་དང་། དངོས་གཞིའི་སྐབས་སུ་རྒྱུད་ལས་ཕོ་ཉ་གསུམ་དང་། དེ་བསྲེས་ན་བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བར་གསུངས་ཤིང་། དེ་ཇི་ལྟར་བསྲེ་བའི་ཚུལ་འདི་ཁོ་ན་ལ་ཡོད་པ་དང་། རྒྱུད་ལས། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །ཞེས་པའི་སྒྲ་ཚུལ་ཇི་ལྟར་བསྐྱེད་པའི་ཚུལ་ཡང་འདི་ཁོ་ན་ལ་ཡོད་པ་དང་། མཇུག་གི་གནས་སྐབས་སུ་གོ་ཆ་གསུམ་གྱི་བསྲུང་བ་དང་། རྫོགས་རིམ་གྱི་སྐབས་སུ་དཔེ་གསུམ་གྱི་མཚོན་པའི་དོན་རྩ་དབུ་མའི་མན་ངག་ལ་སོགས་པ་ནི་འདིའི་ཁྱད་པར་གྱི་ཆོས་ཡིན་ནོ། །དེ་ཡང་རྫོགས་རིམ་གྱི་སྐབས་ཀྱི་དཔེ་གསུམ་ནི། ཤིང་མཁན་ཤིང་གི་གནད་ལ་མཁས་པ་དང་། སྒྱུ་མ་མཁན་འཁྲུལ་འཁོར་གྱི་གནད་ལ་མཁས་པ། གདོལ་པ་སྲོག་གི་གནད་ལ་མཁས་པ་དང་གསུམ་པོ་སྟེ། དེ་ཡང་ལྷོ་ཕྱོགས་ཌཱ་ཀི་ནི་པ་ཏིའི་ཡུལ་ན། ཤིང་གི་སྡོང་པོ་ཤིན་ཏུ་སྐྱེ་རྩལ་ཆེ་བ་ཞིག་ཡོད་པ། ཕྱོགས་གཅིག་ནས་བཅད་ཀྱང་། ཕྱོགས་གཅིག་ནས་སྐྱེས་ཟིན་ནས་ཆོད་པའི་དུས་མེད་པ་ལ། ཤིང་གནད་ཤེས་པའི་ཤིང་མཁན་ཞིག་གིས་རླུང་དང་ཆུ་གང་དུ་འགྲོ་ཕྱོགས་དེར་གཟེར་གཅིག་བཏབ་པས་རང་སྐམས་སུ་འགྲོ་བ་དང་། རྒྱལ་པོ་བྷོ་ཛ་དེ་ཝའི་ཡུལ་ན་མཁར་གྱི་ཕྱི་རོལ་ན་རལ་གྲིའི་འཁྲུལ་འཁོར་ཡོད་པ་འགྲོལ་བ་ལ་གནད་མི་ཤེས་པ་དག་གིས་མཚོན་བསྣུན་ཀྱང་ཐག་པ་ཆད་འགྲོ་བ་ལས་དེ་གཞིག་མི་ནུས། གནད་ཤེས་པ་གཅིག་གིས་མདུད་པའི་མཚམས་ཤིག་བཀྲོལ་བ་ན་འཁྲུལ་འཁོར་དེ་ཞིག་འགྲོ་བ་དང་།