[A:༧༡ན]བཤན་པ་དག་གིས་གླང་པོ་ཆེ་སོགས་གསོད་པའི་ཚེ་ཡན་ལག་སོགས་ལ་མི་བརྡེག་པར་སྲོག་གི་རྟེན་གང་ན་གནས་སར་སྙུག་དམའི་ཚལ་པ་ལྟ་བུ་རེ་བསྣུན་པས་མྱུར་དུ་འཆི་བ་བཞིན་དུ། འདིའི་གདམས་ངག་གི་གནད་ལ་མཁས་པའི་རྣལ་འབྱོར་པ་དག་གིས་རྫོགས་རིམ་གྱི་དམིགས་པའི་གནད་གཅིག་ལ་ཤེས་པ་གཏད་པས། དཔེའི་ཡེ་ཤེས་སོགས་ཏིང་ངེ་འཛིན་མྱུར་དུ་སྐྱེས་པ་ཡིན་པས་སོ། །བཞི་པ་ཁྱད་པར་དུ་འཕགས་པ་དེའི་ལམ་སྤྱིའི་རྣམ་པར་གཞག་པ་ནི། གྲུབ་ཆེན་ནག་པོ་སྤྱོད་པའི་རྡོ་རྗེས། སྦྱིན་བྱ་བཞི་བྱིན་ནས་བླང་བྱ་གཉིས་ལ་བསླབས་པས། གྲོགས་སྤྱོད་པ་རང་དོན་དང་གཞན་དོན་གཉིས་ཀྱིས་འཚམས་སྦྱར་ཏེ་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཐོབ་པ་ཡིན་ནོ། །ཞེས་གསུངས་པའི་སྦྱིན་བྱ་བཞི་ནི་དབང་བཞི་སྟེ། ལམ་འདི་ཉམས་སུ་ལེན་པར་འདོད་པས། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞིས་སྨིན་པར་བྱ་དགོས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། རྒྱུད་གཞན་དུ་ནི་ཞུགས་པ་ལ། །ཚུལ་འདི་བསྟན་པར་མི་བྱ་ཞིང་། །དཀྱིལ་འཁོར་གཞན་དུ་ཞུགས་པ་ལ། །འདི་ཡི་གསང་བ་བསྟན་མི་བྱ། །ཞེས་གསུངས་པས་སོ། །དེ་ལྟར་སྨིན་པར་བྱས་ནས་སྨིན་པ་མི་ཉམས་པའི་ཕྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་གི་ཚོགས་རྣམས་སྐྱོང་དགོས་པར་གསུངས་པའི། ཐུན་མོང་གི་དམ་ཚིག་ནི་རྩ་ལྟུང་འཁྲུལ་སྤོངས་སོགས་ནས་གསུངས་པའི་བླ་མེད་སྤྱིའི་དམ་ཚིག་རྣམས་ཡིན་ལ། ཐུན་མོང་མ་ཡིན་པ་ནི། རྩ་རྒྱུད་ལས། ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་ལ་ཆགས་པ་ཀུན་འགྲོ་དང་། །མི་གཡོ་བ་གཞན་གཉིས་མེད་