R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢ན
[A:༧༢ན]ན་དབབ་བཟུང་ཟློག་ཁྱབ་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་ཕྱི་རོལ་ཏུ་མི་འཛག་པར་བྱེད་པའོ། །ཁྲོ་མེད་ནི་ཕྱག་རྒྱ་ལ་རྒྱུན་དུ་ཁྲོ་བ་མེད་པར་བྱམས་བརྩེ་དང་ལྡན་པའི་སྒོ་ནས་བསྟེན་པའོ། །དམ་ཚིག་འདི་བརྒྱད་ལ་གསང་མཐའི་རྣལ་འབྱོར་པས་རྒྱུན་དུ་སྤྱོད་དགོས་ཤིང་འདིའི་ཐུན་མོང་མ་ཡིན་པའི་དམ་ཚིག་ཅེས་བྱའོ། །དེ་ལྟར་དམ་ཚིག་ལ་གནས་ནས་བསླབ་བྱ་གཉིས་ལ་བསླབ་པར་བྱ་སྟེ། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་མ་གྲུབ་པ་གྲུབ་པར་བྱེད་པ། བསྒྲུབ་པའི་བར་ཆད་སེལ་བ། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ཐབས་དང་གསུམ། དང་པོ་ལ་ལྷ་མ་གྲུབ་པ་གྲུབ་པར་བྱེད་པ་དང་། སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་གཉིས། དང་པོ་ལ་ཡང་། ཨ་བྷི་དྷ་ནར། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒྲ་དང་སྒྲ་མིན་རྣམ་པར་བརྟག །སྒོང་སྐྱེས་ཀླུ་ནི་མེད་པ་ཡིས། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་གསུངས་པ་ལྟར་སྦྱང་གཞི་མངལ་སྐྱེས་སྦྱོང་བ་ལྷ་མངལ་སྐྱེས་ལྟར་བསྐྱེད་པ་ནག་པོ་པའི་མངོན་རྟོགས་དང་སྦྱང་གཞི་སྒོང་སྐྱེས་སྦྱོང་བ་ལྷ་སྒོང་སྐྱེས་ལྟར་བསྐྱེད་པ་ལཱུ་ཧི་པའི་མངོན་རྟོགས་གཉིས་དང་། ཡང་རྩ་རྒྱུད་ཀྱི་གླེང་གཞི་ལས། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་སོགས་དང་། བཤད་རྒྱུད་སོ་སོ་ནས་ཉེ་བར་མཁོ་བ་དག་རྣལ་འབྱོར་མའི་མན་ངག་དང་སྦྱར་ནས་སྦྱང་གཞི་བརྫུས་སྐྱེས་སྦྱོང་བ་ལྷ་བརྫུས་སྐྱེས་ལྟར་བསྐྱེད་པ་དྲིལ་བུ་པའི་ལུས་དཀྱིལ་གྱི་མངོན་རྟོགས་དང་གསུམ་མོ། །གཉིས་པ་སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་ནི། རིན་ཆེན་བཞི་སྟེ། རྩ་སྔགས་གཉིས། སྙིང་པོ་གཉིས་ཉེ་སྙིང་གཉིས། གོ་ཆ་གཉིས་སོ། །གཉིས་པ་བསྒྲུབ་པའི་བར་ཆད་